མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཀྲུང་གོའི་འཐུས་མིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེ་སྲུང་སྐྱོབ་འགུལ་སྐྱོད་ཀྱི་དམིགས་སའི་རང་བཞིན་དང་སྤྱོད་འོས་རང་བཞིན་ལ་ཤུགས་སྣོན་དགོས་པའི་འབོད་སྐུལ་བཏང་།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-10-10 11:06

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་དུ་སྡོད་པའི་ཀྲུང་གོའི་འཐུས་མི་ལིག་ཅེ་དབྱེ་ཡིས་ཚེས་དགུའི་ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེ་སྲུང་སྐྱོབ་འགུལ་སྐྱོད་ཀྱི་དམིགས་སའི་རང་བཞིན་དང་སྤྱོད་འོས་རང་བཞིན་ལ་ཤུགས་སྣོན་དགོས་པའི་འབོད་སྐུལ་བཏང་བ་དང་། ཞོར་དུ་ཞི་བདེ་སྲུང་སྐྱོབ་འགུལ་སྐྱོད་ཀྱིས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད་བརྩི་སྲུང་ནན་མོ་བྱེད་དགོས་པ་ནན་བཤད་བྱས།

བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཉིན་དེར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེ་སྲུང་སྐྱོབ་འགུལ་སྐྱོད་ཐད་ནས་གྲོས་ཚོགས་བསྡུས། ལིག་ཅེ་དབྱེ་ཡིས་གཏམ་བཤད་སྤེལ་སྐབས་བཤད་རྒྱུར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེ་སྲུང་སྐྱོབ་འགུལ་སྐྱོད་ཀྱི་དམིགས་སའི་རང་བཞིན་དང་སྤྱོད་འོས་རང་བཞིན་ལ་ཤུགས་སྣོན་པར་མཐོང་ཆེན་བྱེད་དགོས་ཟེར། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཞི་བདེ་སྲུང་སྐྱོབ་འགུལ་སྐྱོད་བཀོད་སྒྲིག་བྱེད་སྐབས། ཞི་བདེ་སྲུང་སྐྱོབ་ཀྱི་དབང་ཆ་སྟེར་བར་འགན་སྲུང་བྱས་ཏེ་ལས་འགན་གཙོ་བོ་གསལ་བོ་བྱེད་དགོས་ཟེར།

ལིག་ཅེ་དབྱེ་ཡིས་ནན་གྱིས་བསྟན་དོན། ཞི་བདེ་སྲུང་སྐྱོབ་འགུལ་སྐྱོད་ཀྱིས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད་བརྩི་སྲུང་ནན་མོ་བྱས་ཤིང་། འབྲེལ་ཡོད་རྒྱལ་ཁབ་ཀྱི་བདག་དབང་ལ་བརྩི་འཇོག་བྱས་ཏེ་འབྲེལ་ཡོད་རྒྱལ་ཁབ་བར་གྱི་འབྲེལ་འདྲིས་ལ་ཤུགས་སྣོན་བྱེད་དགོས། ཞི་བདེ་སྲུང་སྐྱོབ་འགུལ་སྐྱོད་བཀོད་སྒྲིག་བྱེད་པ་དེ་དམིགས་ཡུལ་མིན་པ་དང་། ཆབ་སྲིད་གྲོས་མོལ་ལ་བརྟེན་ནས་འགལ་བ་ཐག་གཅོད་བྱེད་པར་གྲོས་མོལ་ཞིབ་ཏུ་བྱས་ཏེ། མི་རིགས་འགྲིག་མཐུན་མངོན་འགྱུར་བྱས་ན། ད་གཟོད་ཕན་ནུས་ལྡན་པའི་སྒོ་ནས་དྲག་ཤུགས་འཁྲུག་རྩོད་ཚོད་འཛིན་བྱས་ཏེ་གནས་བབ་ཞི་འཇགས་སུ་གཏོང་ཐུབ་ལ། དེ་ཡང་ཞི་བདེ་སྲུང་སྐྱོབ་འགུལ་སྐྱོད་ཀྱིས་ཕན་ནུས་ལྡན་པའི་སྒོ་ནས་མི་སེར་དཀྱུས་མར་སྲུང་སྐྱོབ་བྱེད་པའི་དབང་ཆ་ལག་བསྟར་བྱེད་པའི་རྨང་གཞི་དང་འགན་སྲུང་ཡིན་ཟེར།

ལིག་ཅེ་དབྱེ་ཡིས་བཤད་རྒྱུར། ཞི་བདེ་སྲུང་སྐྱོབ་འགུལ་སྐྱོད་ཀྱིས་ཕན་ནུས་ཇེ་མཐོར་གཏོང་དགོས། ཞི་བདེ་སྲུང་སྐྱོབ་འགུལ་སྐྱོད་ཀྱི་བཀོད་སྒྲིག་ནུས་པ་དེ་ཆེད་མངག་ཚོགས་པས་གནད་འགག་གི་སྐབས་སུ་ནུས་པ་འདོན་ཐུབ་མིན་ལ་འབྲེལ་བ་ཡོད། བདེ་འཇགས་ལས་འཛིན་ལྷན་ཚོགས་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཁྲུའུ། འབྲེལ་ཡོད་རྒྱལ་ཁབ། དམག་མི་མངག་གཏོང་བྱེད་པའི་རྒྱལ་ཁབ་སོགས་ཀྱིས་འབྲེལ་འདྲིས་ལ་ཤུགས་སྣོན་བྱས་ཤིང་། ཆེད་མངག་ཚོགས་པའི་རྩ་འཛུགས་དང་བཀོད་སྒྲིག་བརྒྱུད་རིམ་ལེགས་བཅོས་བྱས་ཏེ་མཁོ་སྒྲུབ་འགན་སྲུང་ནང་རྐྱེན་ལེགས་བཅོས་བྱེད་དགོས། ཞི་བདེ་སྲུང་སྐྱོབ་ཆེད་མངག་ཚོགས་པས་ཚན་རིག་གི་འཆར་འགོད་དང་དོ་དམ་ལ་ཤུགས་སྣོན་བྱས་ཏེ། ཐོན་ཁུངས་ཀྱི་བེད་སྤྱོད་ནུས་པ་ཇེ་མཐོར་བཏང་ནས་དགོས་མེད་ཀྱི་བསྐྱར་བཟླས་དང་ཆུད་ཟོས་སུ་འགྲོ་བར་སྔོན་འགོག་བྱེད་དགོས་ལ། ཆེད་མངག་ཚོགས་པའི་བར་གྱི་མཉམ་ལས་སོགས་ལ་བརྟེན་ནས་སྔར་ཡོད་ཀྱི་ཐོན་ཁུངས་ལེགས་སྒྲིག་དང་བེད་སྤྱོད་འོས་འཚམ་བྱེད་དགོས་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག