མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཐུར་ཁེ་རྒྱལ་ཁབ་གཅིག་པུས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་ཆམ་ཕབ་གཏོང་བར་ཁས་ལེན་མ་བྱས་པས་ཁི་པཱ་ནེ་ཉེན་ཁའི་གནས་སུ་ལྷུང་ཡོད།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-10-10 11:06

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཐུར་ཁེ་རྒྱལ་ཁབ་ཀྱིས་ཚེས་དགུའི་ཉིན་བཤད་རྒྱུར། ཐུར་ཁེ་རྒྱལ་ཁབ་ཀྱིས་སི་རི་ཡཱ་ནས་རང་གཅིག་པུས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་ས་ངོས་ནས་འགུལ་སྐྱོད་སྤེལ་མི་སྲིད་ཟེར། ཐུར་ཁེའི་ཕྱི་འབྲེལ་བློན་ཆེན་ཆཱ་ཝུའུ་ཧྲི་ཨོ་ལུའུ་ཡིས་ཉིན་དེར་བྱང་ཆིངས་རྩ་འཛུགས་ཀྱི་དྲུང་ཡིག་ཆེན་མོ་སི་ཐའོ་ཐིན་པའོ་ཀི་དང་མཉམ་དུ་སྤེལ་བའི་མཉམ་འབྲེལ་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། ཐུར་ཁེ་ཐལ་སྤྱོད་རྩ་འཛུགས་ལ་ཆམ་ཕབ་གཏོང་བའི་བྱ་འགུལ་ལ་ཞུགས་པའི་འབྲེལ་ཡོད་གྲོས་མོལ་སྤེལ་བཞིན་ཡོད་ཟེར། སི་ཐའོ་ཐིན་པའོ་ཀི་ཡིས་བཤད་རྒྱུར། དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱིས་སི་རི་ཡཱ་དང་དབྱི་རག ཐུར་ཁེ། དེ་མིན་བྱང་ཆིངས་རྩ་འཛུགས་ཀྱི་རྒྱལ་ཁབ་དག་ལ་འཇིགས་ཉེན་བཟོ་བཞིན་ཡོད་པས། མཉམ་འབྲེལ་བྱས་ཏེ་ཐལ་སྤྱོད་རྩ་འཛུགས་དེར་ཆམ་ཕབ་གཏོང་དགོས་ཟེར། ཁོས་ད་རུང་བཤད་རྒྱུར། ས་ཁུལ་དེར་གནམ་གྲུ་འཕུར་མི་ཆོག་པའི་བར་བརྒལ་ས་ཁུལ་འཛུགས་པར་མིག་སྔར་ད་རུང་བསམ་བློ་གཏོང་གིན་མེད་ཟེར།

ཁི་པཱ་ནེ་ཞེས་པའི་སི་རི་ཡཱའི་མཁར་གྲོང་དེ་ཐུར་ཁེ་དང་འབྲེལ་བའི་མཐའ་མཚམས་ས་ཁུལ་དུ་ཡོད་པ་དང་། དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱིས་གཟའ་འཁོར་འགའི་རིང་གནས་དེ་ནས་འཁྲུག་རྩོད་བྱས་ཏེ། ས་དེའི་ཁུའུ་ཨར་ཏི་དྲག་ཆས་མི་སྣས་འགོག་རྒོལ་བྱེད་པར་དཀའ་ཁག་ཆེན་པོ་བྱུང་ཡོད། ཐུར་ཁེའི་གྲོས་ཁང་གིས་སི་རི་ཡཱའི་མངའ་ཁོངས་ནས་དམག་དོན་འགུལ་སྐྱོད་སྤེལ་བའི་དབང་ཆ་བྱིན་ཡོད་ཀྱང་། ཐུར་ཁེའི་དམག་དཔུང་གིས་ཐལ་སྤྱོད་ཉེས་ཅན་ལ་དམིགས་པའི་འཐབ་འཁྲུག་གང་ཡང་སྤེལ་མེད།

ཨ་མེ་རི་ཁའི་དམག་དཔུང་ལས་ཕྱིར་བུད་པའི་དམག་དཔོན་ཨེ་ལོན་དང་གཞུང་ཚབ་ཆེན་མོ་མེད་ཀི་ཁི་གཉིས་ཀྱིས་ཚེས་བཅུ་ཉིན་ཐུར་ཁེའི་དཔོན་རིགས་དང་གྲོས་མོལ་བྱས་ཏེ། ཐལ་སྤྱོད་ཉེས་ཅན་ལ་ཆམ་ཕབ་གཏོང་བར་རོགས་རམ་ཐོབ་པར་བརྩོན་ལེན་བྱེད་རྒྱུ་རེད། དེའི་ཞོར་དུ་ཨ་མེ་རི་ཁས་མགོ་ཁྲིད་པའི་བར་སྣང་འཇབ་རྒོལ་གྱི་འགུལ་སྐྱོད་དེ་ཁི་པཱ་ནེ་ནས་མུ་མཐུད་དུ་སྤེལ་བཞིན་ཡོད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག