མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨ་མེ་རི་ཁ་དང་དབྱིན་ཇི་རྒྱལ་ཁབ་གཉིས་ཀྱིས་སི་རི་ཡཱ་དང་ཐུར་ཁེའི་མཐའ་མཚམས་ས་ཁུལ་དུ་བར་བརྒལ་ས་ཁུལ་འཛུགས་པར་གྲོས་བསྡུར་བྱེད་འདོད་ཡོད།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-10-09 11:00

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ཁི་ལེ་དང་དབྱིན་ཇིའི་ཕྱི་འབྲེལ་བློན་ཆེན་ཧཱ་མིན་ཏི་གཉིས་ཀྱིས་ཚེས་བརྒྱད་ཉིན་བསྟན་དོན། ཐུར་ཁེ་རྒྱལ་ཁབ་ཀྱིས་བཏོན་པའི་སི་རི་ཡཱ་དང་ཐུར་ཁེའི་མཐའ་མཚམས་ས་ཁུལ་དུ་བར་བརྒལ་ས་ཁུལ་འཛུགས་པའི་གྲོས་གཞིའི་ཐད་གྲོས་བསྡུར་ཞིབ་ཏུ་བྱེད་པའི་རིན་ཐང་ལྡན་ཟེར།

ཁི་ལེ་དང་འཚམས་འདྲིར་ཡོང་བའི་ཧཱ་མིན་ཏི་གཉིས་ཀྱིས་ཉིན་དེར་ཝ་ཧྲིན་ཏོན་ནས་གྲོས་མོལ་བྱས་རྗེས་གསར་འགྱུར་ལས་རིགས་ལ་བཤད་རྒྱུར། ཐུར་ཁེའི་གྲོས་གཞི་དེར་ཞིབ་འཇུག་བྱེད་པའི་རིན་ཐང་ལྡན་ཟེར། ད་ལྟའི་བར་སི་རི་ཡཱའི་ཡུལ་གྱར་བ་ས་ཡ་གཅིག་ལྷག་སི་རི་ཡཱ་དང་ཐུར་ཁེའི་རྒྱལ་མཚམས་བརྒལ་ཡོད་པ་དང་། འདས་པའི་ཉིན་བཅུའི་ནང་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་འཇིགས་ཉེན་ཐེབས་པའི་སི་རི་ཡཱའི་ཁི་པཱ་ནེ་ནས་མི་འབུམ་གཅིག་དང་ཁྲི་བརྒྱད་བྲོས་བྱོལ་བྱས། ཡུལ་གྱར་བ་དག་ཕྱིར་སི་རི་ཡཱ་རུ་ལོག་པ་དང་མཐའ་མཚམས་ས་ཁུལ་དུ་ནས་སྲུང་སྐྱོབ་བྱེད་པའི་འདོད་ཚུལ་དེར་ཞིབ་འཇུག་ནན་མོ་བྱེད་དགོས་ཟེར།

ཧཱ་མིན་ཏི་ཡིས་བསྟན་དོན། མིག་སྔར་གྲོས་གཞི་དེར་འཚོལ་ཞིབ་བྱེད་བཞིན་ཡོད་པ་དང་། བར་བརྒལ་ས་ཁུལ་གྱི་མཚན་ཉིད་དང་འཁོར་བསྐྱོད་རྣམ་པ་སོགས་ལ་མནའ་མཐུན་རྒྱལ་ཁབ་དང་གྲོགས་པོའི་རྒྱལ་ཁབ་བར་གྲོས་བསྡུར་བྱེད་དགོས་ཟེར།

ཨ་མེ་རི་ཁ་དང་བཅས་པའི་ནུབ་ཕྱོགས་དང་ཨ་རབ་རྒྱལ་ཁབ་རེ་འགས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་པའི་དབྱི་རག་དང་སི་རི་ཡཱའི་མངའ་ཁོངས་ཀྱི་དམིགས་འབེན་ལ་བར་སྣང་ནས་འཇབ་རྒོལ་བྱེད་བཞིན་ཡོད་པ་དང་། དབྱི་རག་དང་སི་རི་ཡཱའི་ཁྱིམ་མཚེས་རྒྱལ་ཁབ་དང་བྱང་ཆིངས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་ཡིན་པའི་ཆ་ནས། ཐུར་ཁེ་རྒྱལ་ཁབ་དུས་ཡུན་རིང་བོར་ཆམ་ཕབ་འགུལ་སྐྱོད་ནང་ཞུགས་འདོད་མེད། ཐུར་ཁེའི་ཙུང་ཐུང་ཨེ་ཨར་ཏའོ་ཨན་གྱིས་ཚེས་བདུན་ཉིན་ནུབ་ཕྱོགས་རྒྱལ་ཁབ་ཀྱིས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་ས་ངོས་ནས་དཔུང་འཇུག་བྱེད་དགོས་པའི་འབོད་སྐུལ་བཏང་བར་མ་ཟད། སི་རི་ཡཱ་དང་དབྱི་རག་ལ་འབྲེལ་བའི་མཐའ་མཚམས་ས་ཁུལ་ནས་གནམ་གྲུ་འཕུར་མི་ཆོག་པའི་བར་བརྒལ་ས་ཁུལ་འཛུགས་དགོས་པའི་གྲོས་གཞི་བཏོན།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག