མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཧྥ་རན་སི་དང་འཇར་མན་གྱིས་མི་བསྡད་མེད་པའི་གནམ་གྲུ་མངག་ནས་ཝུའུ་ཁི་ལན་གྱི་འཁྲུག་རྩོད་མཚམས་འཇོག་པའི་གནས་ཚུལ་ལ་ལྟ་རྟོག་བྱེད་འདོད་ཡོད།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-09-30 10:32

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧྥ་རན་སིའི་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ནཱ་ཏཱ་ཨར་གྱིས་ཟླ་དགུ་བའི་ཚེས་ཉེར་དགུའི་ཉིན་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བསྟན་དོན། ཧྥ་རན་སི་དང་འཇར་མན་གྱིས་ཡོ་རོབ་གླིང་བདེ་འཇགས་དང་མཉམ་ལས་རྩ་འཛུགས་ལ་མི་བསྡད་མེད་པའི་གནམ་གྲུ་འདོན་སྤྲོད་བྱས་ཏེ་ཝུའུ་ཁི་ལན་གྱི་འཁྲུག་རྩོད་མཚམས་འཇོག་པའི་གནས་ཚུལ་ལ་ལྟ་རྟོག་བྱེད་པའི་ཐད་བཀོལ་འདོད་ཡོད་ཟེར།

ཟླ་དགུ་བའི་ཟླ་དཀྱིལ་དུ། ཡོ་རོབ་གླིང་བདེ་འཇགས་དང་མཉམ་ལས་རྩ་འཛུགས་ཀྱི་རེས་སྐོར་ཀྲུའུ་ཞི། སུའེ་ཙེར་རྒྱལ་ཕྲན་མཉམ་འབྲེལ་གྱི་ཀྲུའུ་ཞི་དང་ཕྱི་འབྲེལ་བློན་ཆེན་གྱི་འགན་གཅིག་ལྕོགས་སུ་ཁུར་མཁན་པའོ་ཁི་ཧཱ་ཨར་ཐི་ཡིས་མི་བསྡད་མེད་པའི་གན་གྲུ་བེད་སྤྱད་དེ་ཝུའུ་ཁི་ལན་དང་ཨུ་རུ་སིའི་མཐའ་མཚམས་ས་ཁུལ་དུ་ལྟ་རྟོག་བྱེད་རྒྱུའི་གྲོས་གཞི་བཏོན།

ཝུའུ་ཁི་ལན་གནད་དོན་གྱི་ཕྱོགས་གསུམ་འབྲེལ་གཏུག་ཚན་ཆུང་གིས་ཟླ་དགུ་བའི་ཚེས་ལྔ་ཉིན་ཝུའུ་ཁི་ལན་ཤར་ཕྱོགས་ཀྱི་དམངས་ཁྲོད་དྲག་ཆས་པའི་འཐུས་མི་དང་མཉམ་དུ་ཨུ་རུ་སིའི་རྒྱལ་ས་མེན་སི་ཁི་ནས་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་བཀོད། ཚེས་བཅུ་དགུའི་ཉིན་འབྲེལ་གཏུག་ཚན་ཆུང་གིས་ཝུའུ་ཁི་ལན་ཤར་ཕྱོགས་དམངས་ཁྲོད་དྲག་ཆས་པའི་འཐུས་མི་དང་མཉམ་དུ་བཟོད་སྒོམ་བརྗེད་ཐོ་བཀོད་དེ། འཁྲུག་རྩོད་ཕྱོགས་ཁག་གཉིས་འཁྲུག་རྩོད་བྱེད་པའི་ས་ཁུལ་ནས་སོ་སོར་སྤྱི་ལེ་བཅོ་ལྔས་ཕྱིར་སྣུར་བྱེད་རྒྱུ་གཏན་འཁེལ་བྱས། འཁྲུག་རྩོད་བྱེད་པའི་ཕྱོགས་ཁག་གཉིས་བར་ཡིད་ཆེས་མེད་པའི་དབང་གིས་བཟོད་སྒོམ་བརྗེད་ཐོ་དེ་ཕན་ནུས་ལྡན་པའི་སྒོ་ནས་དངོས་འབེབ་བྱེད་ཐུབ་མེད་ལ། གཞི་རྒྱ་ཆུང་བའི་འཁྲུག་རྩོད་སྔར་བཞིན་དུས་ངེས་མེད་དུ་འབྱུང་བཞིན་ཡོད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག