མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ལི་པུ་ཡཱའི་རྒྱལ་དམངས་འཐུས་མིའི་ཚོགས་ཆེན་གྱིས་འཁྲུག་རྩོད་ཕྱོགས་ཁག་སོ་སོའི་བར་ཆབ་སྲིད་གྲོས་མོལ་བྱེད་མགོ་བརྩམས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-09-30 10:32

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ལི་པུ་ཡཱའི་རྒྱལ་དམངས་འཐུས་མིའི་ཚོགས་ཆེན་གྱིས་ཟླ་དགུ་བའི་ཚེས་ཉེར་དགུའི་ཉིན་འཁྲུག་རྩོད་ཕྱོགས་ཁག་སོ་སོའི་བར་ཆབ་སྲིད་གྲོས་མོལ་བྱེད་མགོ་བརྩམས། ཉིན་དེའི་གྲོས་མོལ་ཚོགས་ར་ནི་ལི་པུ་ཡཱའི་མཐའ་མཚམས་ས་ཁུལ་གྱི་ཀུའུ་ཏཱ་མུས་སི་གྲོང་རྡལ་ཡིན་པ་དང་། ལི་པུ་ཡཱའི་རྒྱལ་དམངས་འཐུས་མིའི་ཚོགས་ཆེན་གྱི་འཐུས་མི་བཅུ་གཉིས་དང་རྒྱལ་དམངས་འཐུས་མིའི་ཚོགས་ཆེན་ལ་རྒོལ་བའི་ཆབ་སྲིད་ཕྱོགས་ཁག་གི་འཐུས་མི་བཅུ་གཉིས་གྲོས་མོལ་ལ་ཞུགས།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་ལི་པུ་ཡཱའི་གནད་དོན་གྱི་དམིགས་བསལ་འཐུས་མི་པེ་ཨར་ནཱ་ཏིས་ནོའུ་ལེ་ཨང་གིས་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། གྲོས་མོལ་བྱེད་པའི་ཕྱོགས་གཉིས་ཀྱིས་ཉིན་དེར་ལི་པུ་ཡཱའི་ཆབ་སྲིད་ཉམས་ཉེན་ཐག་གཅོད་གང་ལེགས་བྱེད་པར་འཐད་པ་བྱུང་བར་མ་ཟད། མྱུར་དུ་འཁྲུག་རྩོད་མཚམས་འཇོག་པར་འཐད་པ་བྱུང་ཟེར།

ཡིན་ཡང་ཆོས་ལུགས་སྟོབས་ཤུགས་ལ་རྒྱབ་སྐྱོར་བྱེད་པའི་དམངས་དམག་དྲག་ཆས་ལི་པུ་ཡཱའི་སྐྱ་རེངས་ཞེས་པ་ཐེངས་འདིའི་གྲོས་མོལ་ལ་ཞུགས་མེད། ལི་པུ་ཡཱའི་སྐྱ་རེངས་ཞེས་པའི་དྲག་ཆས་རྩ་འཛུགས་ཀྱིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། ཕྱོགས་ཁག་སོ་སོས་གྲོས་མོལ་ལ་བཀག་འགོག་བྱེད་དགོས་པའི་འབོད་སྐུལ་བཏང་བ་དང་། གྲོས་མོལ་དེ་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཕྱི་ནས་ཐེ་གཏོགས་བྱས་པའི་མཇུག་འབྲས་རེད་ཟེར།

དབྱེ་ཞིབ་མི་སྣ་རེ་འགས་བཤད་རྒྱུར། མིག་སྔར་ལི་པུ་ཡཱའི་ཆབ་སྲིད་འགལ་བ་དེ་གཙོ་བོ་རྒྱལ་དམངས་འཐུས་མིའི་ཚོགས་ཆེན་དང་རྒྱལ་དམངས་གྲོས་ཁང་ཕྱོགས་གཉིས་ལ་འདུས་ཡོད་པ་དང་། ལི་པུ་ཡཱའི་སྐྱ་རེངས་ཞེས་པའི་དྲག་ཆས་རྩ་འཛུགས་ཞུགས་མེད་པའི་གྲོས་མོལ་ལ་ངོ་བོ་རང་བཞིན་ལྡན་པའི་གྲུབ་འབྲས་ཐོབ་མི་སྲིད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག