མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཧྥ་རན་སི་དང་དབྱི་ལིང་རྒྱལ་ཁབ་གཉིས་ཀྱི་ཙུང་ཐུང་གིས་གྲོས་མོལ་བྱས་ཏེ་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་ལ་གྲོས་བསྡུར་བྱས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-09-24 10:58

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧྥ་རན་སིའི་ཙུང་ཐུང་བཞུགས་ཤག་གིས་ཚེས་ཉེར་གསུམ་ཉིན་སྤྱི་སྒྲོག་སྤེལ་ཏེ། ཧྥ་རན་སིའི་ཙུང་ཐུང་ཨོ་ལིང་ཏི་ཡིས་ཉིན་དེར་ཉིག་ཡོ་གྲོང་ཁྱེར་དུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་པུའུ་ནས་དབྱི་ལིང་གི་ཙུང་ཐུང་ལུའུ་ཧཱ་ནེ་དང་གྲོས་མོལ་བྱས། ཕྱོགས་གཉིས་ཀྱིས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་དང་འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་བའི་བྱེད་ཐབས་ཐད་ནས་ལྟ་ཚུལ་བརྗེ་རེས་བྱས།

སྤྱི་སྒྲོག་ལས་བཤད་རྒྱུར། གྲོས་མོལ་བྱེད་སྐབས་ཨོ་ལིང་ཏི་ཡིས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་གྱི་གྲོས་མོལ་ལ་མྱུར་དུ་གྲུབ་འབྲས་འབྱུང་བར་རེ་བ་བྱེད་པའི་ཚུལ་བསྟན་པར་མ་ཟད། དབྱི་ལིང་གིས་ངེས་པར་དུ་བྱེ་བྲག་གི་བྱེད་ཐབས་སྤྱད་དེ་དབྱི་ལིང་ལ་ཉིང་རྡུལ་ནུས་པའི་དམག་དོན་ནུས་པ་མེད་པ་བདེན་དཔང་བྱེད་དགོས་པ་བསྐྱར་སྒྲོག་བྱས། ཕྱོགས་གཉིས་ཀྱིས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་ཐད་ནས་གྲོས་མཐུན་བཀོད་པ་དང་། ཕན་ཚུན་བར་ཡིད་ཆེས་ཀྱི་འབྲེལ་བ་བཙུགས་རྗེས་ཀྱི་ཧྥ་རན་སི་དང་དབྱི་ལིང་ཕྱོགས་གཉིས་ཀྱི་མཉམ་ལས་མདུན་ལྗོངས་ལ་གྲོས་བསྡུར་བྱས།

ཕྱོགས་གཉིས་ཀྱིས་ད་རུང་དབྱི་རག་དང་སི་རི་ཡཱ། དེ་མིན་དབུས་ཤར་ས་ཁུལ་གཞན་པའི་གནས་བབ་གླེང་བ་དང་། འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་བའི་བྱེད་ཐབས་ཐད་ནས་ལྟ་ཚུལ་བརྗེ་རེས་བྱས། ཨོ་ལིང་ཏི་ཡིས་གྲོས་མོལ་བྱེད་སྐབས་བསྟན་དོན། ལེ་པཱ་ནུན་དང་སི་རི་ཡཱ། དབྱི་རག་སོགས་ཀྱི་གནད་དོན་ལ་ཆབ་སྲིད་ཀྱི་ཐག་གཅོད་ཇུས་གཞི་འཚོལ་ཞིབ་བྱེད་ཆེད་ཕྱོགས་སོ་སོས་རོགས་ལས་བྱེད་དགོས་ཟེར།

དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་གྱི་རྒྱལ་ཁབ་དྲུག་དང་ཡོ་རོབ་གླིང་མནའ་འབྲེལ། དབྱི་ལིང་བཅས་ཀྱིས་ཚེས་བཅུ་དགུའི་ཉིན་ཨ་མེ་རི་ཁའི་ཉིག་ཡོ་གྲོང་ཁྱེར་ནས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་གྱི་གྲོས་མོལ་སྐོར་ཐེངས་བདུན་པ་སྤེལ། སྐོར་ཐེངས་འདིའི་གྲོས་མོལ་དེ་ཟླ་དགུ་བའི་ཚེས་ཉེར་དྲུག་ཉིན་བར་སྤེལ་རྒྱུ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག