མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱིས་ཟླ་བཅུ་བའི་ཟླ་སྨད་ལ་མུ་མཐུད་དུ་ཅཱ་ཧྲ་ས་ཁུལ་གྱི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མོལ་བྱེད་རྒྱུ་རེད།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-09-24 10:58

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨེ་ཅིབ་དཔོན་ཕྱོགས་ཀྱིས་ཚེས་ཉེར་གསུམ་ཉིན་བསྒྲགས་པ་ལྟར་ན། ཨེ་ཅིབ་ཀྱི་བར་འདུམ་འོག་གི་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་འཁྲུག་རྩོད་མཚམས་འཇོག་པའི་སྐོར་ཐེངས་གསར་བའི་གྲོས་མོལ་དེ་ཟླ་བཅུ་བའི་ཟླ་སྨད་ལ་མུ་མཐུད་དུ་སྤེལ་རྒྱུ་ཡིན་ཟེར།

བསྒྲགས་པའི་གནས་ཚུལ་ལྟར་ན། ཕཱ་ལེ་སི་ཐན་དང་དབྱི་སི་རལ་ཕྱོགས་གཉིས་ཀྱི་འཐུས་ཚབ་ཚོགས་པས་ཉིན་དེར་ཁེ་རོ་ནས་ཅཱ་ཧྲ་ས་ཁུལ་དུ་དུས་ཡུན་རིང་བོར་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མོལ་སྤེལ། ཕཱ་ལེ་སི་ཐན་མི་རིགས་བཅིངས་འགྲོལ་རྩ་འཛུགས་ཧྥ་ཐཱ་ཧི་ཡི་གྲོས་མོལ་འཐུས་ཚབ་ཚོགས་པའི་ཚོགས་གཙོ་ཨེ་ཧཱ་མེད་ཏི་ཡིས་བཤད་རྒྱུར། ཕྱོགས་གཉིས་ཀྱིས་གྲོས་མོལ་གྱི་ཉིན་རིམ་བཀོད་སྒྲིག་ལ་གཅིག་གྱུར་འཐད་པ་བྱུང་སྟེ། ཟླ་རྗེས་མའི་ཡིའུ་ཐེ་བ་དང་མུའུ་སི་ལིན་གྱི་དུས་ཆེན་མཇུག་སྒྲིལ་རྗེས་མུ་མཐུད་དུ་གྲོས་མོལ་བྱེད་རྒྱུ་ཐག་བཅད་ཡོད་ལ། ནང་དོན་ལ་འཁྲུག་རྩོད་མཚམས་འཇོག་པའི་དུས་ཚོད་ཇེ་རིང་དུ་གཏོང་བ་དང་། དབྱི་སི་རལ་གྱི་ཅཱ་ཧྲ་ས་ཁུལ་གྱི་ལོ་ངོ་བདུན་གྱི་བཀག་སྡོམ་མཇུག་སྒྲིལ་བ། ཅཱ་ཧྲའི་བསྐྱར་འཛུགས་སོགས་འདུས།

ཉིན་དེར་ཁེ་རོ་རུ་གྲོས་མོལ་ལ་ཞུགས་པའི་ཕཱ་ལེ་སི་ཐན་ཕྱོགས་ཀྱི་འཐུས་ཚབ་ཚོགས་པའི་ཁོངས་མིར་ཧྥ་ཐཱ་ཧི་དང་ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སི། ཕཱ་ལེ་སི་ཐན་དབྱི་སི་ལན་འཐབ་མཆོག་རྩ་འཛུགས་ཅེ་ཧཱ་ཏི། དེ་མིན་ཕཱ་ལེ་སི་ཐན་བཅིངས་འགྲོལ་དམངས་གཙོ་འཐབ་ཕྱོགས་ཀྱི་མགོ་ཁྲིད་པ་བཅས་ཀྱིས་གྲུབ་ཡོད། དབྱི་སི་རལ་གྱི་འཐུས་ཚབ་ཚོགས་པ་དེ་མཐོ་རིམ་དཔོན་པོ་གསུམ་གྱིས་གྲུབ་ཡོད།

གཞན་ཡང་དབྱི་སི་རལ་དམག་ཕྱོགས་ཀྱིས་བདེན་དཔང་བྱས་པ་ལྟར་ན། ཉིན་དེའི་སྔ་དྲོར། དབྱི་སི་རལ་དམག་དཔུང་གིས་ཅོར་ཏན་གཙང་བོའི་ནུབ་འགྲམ་གྱི་ཞེ་པའོ་ལོན་ནས་སྔོག་བཤེར་བྱ་འགུལ་སྤེལ་ཏེ། ད་ལོའི་ཟླ་དྲུག་པར་དབྱི་སི་རལ་གྱི་ན་གཞོན་གསུམ་བཙན་ཁྲིད་དང་དམར་གསོད་བྱས་པའི་ཕཱ་ལེ་སི་ཐན་གྱི་དོགས་ཡོད་ཉེས་ཅན་གཉིས་འཛིན་བཟུང་བྱས་ཟེར། ཁེ་རོ་རུ་གྲོས་མོལ་བྱེད་བཞིན་པའི་ཕཱ་ལེ་སི་ཐན་གྱི་འཐུས་ཚབ་ཚོགས་པས་དོན་དེར་རྒོལ་གཏམ་དྲག་པོ་བཏང་།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག