མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཕན་ཅི་ཝུན་གྱིས་སི་རི་ཡཱའི་མངའ་ཁོངས་ཀྱི་འཇིགས་སྐུལ་རྩ་འཛུགས་ལ་ཆམ་ཕབ་གཏོང་བར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་ཡིག་བརྩི་སྲུང་ནན་མོ་བྱེད་དགོས་པར་བཤད།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-09-24 10:57

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕན་ཅི་ཝུན་གྱིས་ཚེས་ཉེར་གསུམ་ཉིན་བཤད་རྒྱུར། སི་རི་ཡཱའི་མངའ་ཁོངས་ཀྱི་ཐལ་སྤྱོད་རྩ་འཛུགས་ལ་ཆམ་ཕབ་གཏོང་བར་ཕྱོགས་མང་བོ་ནས་འབད་བརྩོན་བྱེད་དགོས་ཟེར། ཁོས་བྱེད་ཐབས་གང་ཡིན་ཡང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་ཡིག་བརྩི་སྲུང་ནན་མོ་བྱེད་དགོས་པ་ནན་བཤད་བྱས།

ཕན་ཅི་ཝུན་གྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་པུའུ་ནས་གསར་འགོད་པའི་སྣེ་ལེན་ཚོགས་འདུ་སྤེལ་སྐབས་ནན་གྱིས་བསྟན་དོན། སི་རི་ཡཱའི་མངའ་ཁོངས་ཀྱི་འཇིགས་སྐུལ་རྩ་འཛུགས་ལ་ཆམ་ཕབ་གཏོང་བའི་བྱེད་ཐབས་གང་ཡིན་ཡང་ངེས་པར་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་ཡིག་དང་འཚམ་དགོས་པར་མ་ཟད། རྒྱལ་སྤྱིའི་མི་ཆོས་རིང་ལུགས་ཀྱི་བཅའ་ཁྲིམས་བརྩི་སྲུང་ནན་མོ་བྱེད་དགོས་ཟེར། ཁོས་སི་རི་ཡཱའི་མངའ་ཁོངས་ཀྱི་དམིགས་འབེན་ལ་དམིགས་ནས་བར་སྣང་འཇབ་རྒོལ་བྱས་ཏེ་མི་སེར་དཀྱུས་མར་ཤི་རྨས་བྱུང་བར་ཡིད་འཕང་བའི་ཚུལ་བསྟན། ཆམ་ཕབ་བྱ་འགུལ་ལ་ཞུགས་པའི་ཕྱོགས་སོ་སོས་རྒྱལ་སྤྱིའི་མི་ཆོས་རིང་ལུགས་ཀྱི་བཅའ་ཁྲིམས་བརྩི་སྲུང་བྱས་ཏེ། སྔོན་འགོག་གི་བྱེད་ཐབས་གང་རུང་སྤྱད་དེ་མི་སེར་དཀྱུས་མའི་ཤི་རྨས་ཇེ་ཉུང་དུ་གཏོང་དགོས་པའི་རེ་བ་བཏོན།

ཕན་ཅི་ཝུན་གྱིས་བསྟན་དོན། ཁོས་ཤེས་གསལ་ལྟར་ན་ཚེས་ཉེར་གསུམ་ཉིན་གྱི་བར་སྣང་འཇབ་རྒོལ་དེ་སི་རི་ཡཱའི་སྲིད་གཞུང་གི་ཐད་ཀར་རེ་འདོད་འོག་སྤེལ་བ་མིན་ཡང་། སི་རི་ཡཱའི་སྲིད་གཞུང་གིས་སྔ་མོ་ནས་བརྡ་ཐོ་བཏང་ཡོད་པར་མ་ཟད། བར་སྣང་འཇབ་རྒོལ་ས་ཁུལ་ཡང་སི་རི་ཡཱའི་སྲིད་གཞུང་གིས་ཚོད་འཛིན་བྱེད་པའི་མངའ་ཁོངས་སུ་མེད་ཟེར།

ཁོས་བཤད་རྒྱུར། སི་རི་ཡཱའི་མངའ་ཁོངས་ཀྱི་ཐལ་སྤྱོད་རྩ་འཛུགས་ལ་ཆམ་ཕབ་གཏོང་བར་ཕྱོགས་མང་བོས་འབད་བརྩོན་བྱེད་དགོས། ཐག་གཅོད་བྱེད་ཐབས་དེས་དེང་སྐབས་ཀྱི་བདེ་འཇགས་ཉེན་ཁ་སེལ་དགོས་པ་དང་ཡ་ང་བའི་དྲག་སྤྱོད་ནག་ཉེས་སྔོན་འགོག་བྱེད་པའི་ཞོར་དུ། དུས་ཡུན་རིང་བོའི་ནང་རྩ་འཛུགས་དེ་དག་གཞི་བཅའ་སའི་གནས་མེད་པར་བྱེད་པའི་ཆེད་ཡིན་ཟེར། ཁོས་རྒྱལ་ཁབ་སོ་སོའི་མགོ་ཁྲིད་པས་གཟའ་འཁོར་འདིའི་ནང་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཕྱི་རྒྱལ་གྱི་འཇིགས་སྐུལ་རིང་ལུགས་ཀྱི་འཐབ་ཞུགས་མི་སྣའི་གནད་དོན་ཐད་ནས་སྤེལ་བའི་གྲོས་ཚོགས་ལ་ཞུགས་སྐབས། འཇིགས་སྐུལ་རྩ་འཛུགས་ལ་ཆམ་ཕབ་གཏོང་བའི་བྱ་བར་རྒྱབ་སྐྱོར་བྱེད་དགོས་པའི་འབོད་སྐུལ་བཏང་།

ཨ་མེ་རི་ཁའི་ཀྲུང་དབྱང་དམག་སྤྱི་ཁང་གི་གསལ་སྒྲོག་ལྟར་ན། ཨ་མེ་རི་ཁའི་དམག་དཔུང་གིས་ཚེས་ཉེར་གཉིས་ཉིན་གྱི་དགོང་མོར་འཐབ་འཛིང་གནམ་གྲུ་དང་སྐོར་ཞིབ་འཕུར་མདའ་བཀོལ་ནས། སི་རི་ཡཱའི་ལཱ་ཁཱ་དང་། ཧཱ་སེ་ཁི། ཏའེ་ཨར་ཙུའུ་ཨར། ཨ་པུའུ་ཁའེ་མཱ་ལེ་ཉེ་འདབས་ཀྱི་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དམིགས་འབེན་སོགས་ལ་བར་སྣང་ནས་འཇབ་རྒོལ་བྱས། དེའི་ནང་དྲག་ཆས་མི་སྣ་དང་། སྦྱོང་བརྡར་སྒར་ས། སྤྱི་ཁྱབ་པུའུ། བཀོད་འདོམ་ཚོད་འཛིན་ལྟེ་གནས། རྒྱུ་དངོས་མཁོ་འདོན་སྒྲིག་ཆས། འཐབ་འཛིང་རླངས་འཁོར་སོགས་འདུས། གསལ་སྒྲོག་ལས་བཤད་རྒྱུར། ཨ་མེ་རི་ཁའི་དམག་དཔུང་གིས་ཉིན་དེའི་དགོང་མོར་ཧུའུ་ལོ་ཧྲན་རྩ་འཛུགས་ཀྱི་ཨ་ལེ་པའོ་ནུབ་ངོས་ཀྱི་དམིགས་འབེན་ལ་བར་སྣང་ནས་འཇབ་རྒོལ་ཐེངས་བརྒྱད་བྱས་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག