མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ནམ་ཟླའི་འགྱུར་ལྡོག་གི་མཐོ་རིམ་གྲོས་ཚོགས་ཉིག་ཡོ་གྲོང་ཁྱེར་དུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་ནས་ཚོགས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-09-24 10:57

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉིས་སྟོང་བཅུ་བཞི་ལོའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ནམ་ཟླའི་འགྱུར་ལྡོག་གི་མཐོ་རིམ་གྲོས་ཚོགས་དེ་ཟླ་དགུ་བའི་ཚེས་ཉེར་གསུམ་ཉིན་གྱི་སྔ་དྲོའི་དུས་ཚོད་བརྒྱད་སྟེང་ཉིག་ཡོ་གྲོང་ཁྱེར་དུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་ནས་གཟབ་རྒྱས་ངང་ཚོགས།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕན་ཅི་ཝུན་གྱིས་ཚོགས་མགོ་རྩོམ་པའི་མཛད་སྒོའི་སྟེང་ཞུ་ཚིག་ཕུལ། ཕན་ཅི་ཝུན་གྱིས་ཐེངས་འདིའི་མཐོ་རིམ་གྲོས་ཚོགས་བརྒྱུད་ནས་འཛམ་གླིང་ཡོངས་ཀྱིས་ནམ་ཟླའི་འགྱུར་ལྡོག་ཐག་གཅོད་པའི་འགུལ་སྐྱོད་སྤེལ་དགོས་པའི་སྐུལ་སློང་བྱས་པར་མ་ཟད། ཉིས་སྟོང་བཅོ་ལྔ་ལོར་འཛམ་གླིང་ཡོངས་ཀྱི་ནམ་ཟླའི་འགྱུར་ལྡོག་ཐག་གཅོད་པའི་གྲོས་མཐུན་བཀོད་དེ་ཆབ་སྲིད་འདོད་བློར་སྐུལ་སློང་བྱེད་དགོས་པའི་རེ་བ་བཏོན།

མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བསྟན་དོན། ཐེངས་འདིའི་ནམ་ཟླའི་འགྱུར་ལྡོག་གི་མཐོ་རིམ་གྲོས་ཚོགས་ཀྱིས་སྲིད་གཞུང་དང་ཁེ་ལས་ཀྱི་གཙོ་འཛིན་ལ་དམིགས་བསལ་གྱི་གོ་སྐབས་འདོན་སྤྲོད་བྱས་ཏེ། རྒྱལ་ཁབ་རང་དང་ས་ཁུལ་རང་གི་སྡོད་ཁུལ་གྱི་དོན་དངོས་ལ་གཞིགས་ཏེ་འགུལ་སྐྱོད་སྤེལ་བ་དང་། ཉིས་སྟོང་བཅོ་ལྔ་ལོར་འཛམ་གླིང་ཡོངས་ཀྱི་ནམ་ཟླའི་འགྱུར་ལྡོག་གི་གྲོས་མཐུན་འགོད་པར་རླབས་ཆེན་རེ་འདུན་ཞིབ་འབྲི་བྱེད་དུ་འཇུག་རྒྱུ་རེད།

ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱི་ཆེད་མངག་ཕོ་ཉ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལེ་ཐེངས་འདིའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ནམ་ཟླའི་འགྱུར་ལྡོག་གི་མཐོ་རིམ་གྲོས་ཚོགས་ལ་ཞུགས་པར་མ་ཟད། མཐོ་རིམ་གྲོས་ཚོགས་སྟེང་གཏམ་བཤད་གལ་ཆེན་སྤེལ་ཏེ། ཀྲུང་གོས་ནམ་ཟླའི་འགྱུར་ལྡོག་ཐག་གཅོད་བྱེད་པར་བརྩོན་པའི་ལངས་ཕྱོགས་དང་བྱེད་ཐབས་རྒྱས་བཤད་བྱེད་རྒྱུ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག