མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

འཇར་པན་དང་ཨུ་རུ་སིའི་མགོ་ཁྲིད་པས་ཝུའུ་ཁི་ལན་གྱི་གནས་བབ་ལ་གྲོས་བསྡུར་བྱས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-09-23 11:07

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཇར་པན་གྱི་ཕྱི་འབྲེལ་བློན་ཆེན་གྱིས་ཚེས་ཉེར་གཅིག་ཉིན་བཤད་རྒྱུར། འཇར་པན་གྱི་དབུ་བཞུགས་བློན་ཆེན་ཨན་པའེ་ཅིན་སན་གྱིས་ཉིན་དེར་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་ལ་ཁ་པར་བཏང་སྟེ། འཇར་པན་དང་ཨུ་རུ་སིའི་འབྲེལ་བ་དང་ཝུའུ་ཁི་ལན་གྱི་གནས་བབ་ལ་གྲོས་བསྡུར་བྱས་ཟེར།

བསྒྲགས་པའི་གནས་ཚུལ་ལྟར་ན། འཇར་པན་གྱིས་ཝུའུ་ཁི་ལན་གྱི་གནད་དོན་ཐད་ནས་ཨུ་རུ་སི་ལ་བཀག་སྡོམ་བྱེད་ཐབས་ལག་བསྟར་བྱས་པའི་དབང་གིས་ཕུའུ་ཅིན་གྱིས་ད་ལོའི་སྟོན་ཁར་འཇར་པན་དུ་འཚམས་འདྲི་བྱེད་པའི་འཆར་གཞི་ལ་ངེས་གཏན་ཆེན་པོ་མེད། དེང་སྐབས་འཇར་པན་སྲིད་གཞུང་གིས་འཇར་པན་གྱི་ཕྱི་འབྲེལ་བློན་ཆེན་ཨན་ཐེན་ཝུན་ཞོང་གིས་ཟླ་འདིའི་ཟླ་སྨད་ལ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྐབས་སུ་ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་ལཱ་ཧྥུའུ་ལོ་ཧྥུའུ་དང་གྲོས་མོལ་བྱེད་པར་སྐུལ་མ་གཏོང་བཞིན་ཡོད་ཀྱང་། བསྒྲགས་པའི་ནགས་ཚུལ་ལྟར་ན། ཨུ་རུ་སིའི་ཕྱོགས་ཀྱི་རྣམ་འགྱུར་བཟང་རྒྱུ་མེད་པས་ཐེངས་འདིའི་གྲོས་མོལ་སྤེལ་བར་རེ་བ་ཆེན་པོ་མེད་ཟེར།

འཇར་པན་གྱི་ཕྱི་འབྲེལ་པུའུ་ཡིས་བཤད་རྒྱུར། ཐེངས་འདིར་ཨུ་རུ་སིའི་ཕྱོགས་ཀྱིས་བཏོན་པའི་ཁ་པར་གྲོས་མོལ་ཁྲོད། མགོ་ཁྲིད་པ་གཉིས་ཀྱིས་མུ་མཐུད་དུ་ཁ་པར་གྲོས་མོལ་བྱེད་པར་འཐད་པ་བྱུང་། དེ་ལས་གཞན་ཕུའུ་ཅིན་གྱིས་ད་རུང་ཨན་པའེ་ཅིན་སན་གྱི་ལོ་དྲུག་ཅུའི་སྐྱེ་སྐར་ལ་རྟེན་འབྲེལ་ཞུས།

འཇར་པན་ཕྱི་འབྲེལ་པུའུ་ཡི་ཨུ་རུ་སིའི་ལས་དོན་གྱི་འགན་ཁུར་བའི་དཔོན་པོ་ཞིག་གིས་གསར་འགྱུར་ལས་རིགས་ལ་ནང་དོན་མང་བོ་ཁྱབ་སྒྲོག་མ་བྱས་ཀྱང་། འཇར་པན་རྒྱང་སྒྲོག་མཐུན་ཚོགས་ཀྱིས་བཤད་ན། ཁ་པར་གཏོང་སྐབས་ཨན་པའེ་ཅིན་སན་གྱིས་ཕུའུ་ཅིན་ལ་འཇར་པན་གྱི་ཝུའུ་ཁི་ལན་གནད་དོན་ཐད་ཀྱི་ལངས་ཕྱོགས་འགྲེལ་བཤད་བྱས།

བསྒྲགས་པ་ལྟར་ན། མགོ་ཁྲིད་པ་གཉིས་ཀྱིས་མགོ་གཙོའི་གྲོས་མོལ་བྱེད་པར་རྣམ་འགྱུར་གང་ལེགས་བསྟན། ཕུའུ་ཅིན་གྱིས་མགོ་གཙོའི་གྲོས་མོལ་སྤེལ་བར་རེ་བྱེད་པར་དམིགས་ནས་ཨན་པའེ་ཅིན་སན་གྱིས་ཟླ་བཅུ་གཅིག་པའི་ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་མགོ་ཁྲིད་པའི་དངོས་གཞི་མིན་པའི་གྲོས་ཚོགས་སྐབས་སུ་གྲོས་མོལ་བྱེད་རྒྱུའི་རེ་བ་བཏོན།

ཨན་པའེ་ཅིན་སན་གྱིས་ཉིས་སྟོང་བཅུ་གཉིས་ལོའི་ཟླ་བཅུ་གཉིས་པར་ཡང་བསྐྱར་འཇར་པན་གྱི་དབུ་བཞུགས་བློན་ཆེན་གྱི་འགན་ཁུར་བའི་རྗེས་སུ། ཐེངས་མང་བོར་ཕུའུ་ཅིན་དང་གྲོས་མོལ་བྱས་ཏེ། ཕུའུ་ཅིན་བར་སྒེར་གྱི་འབྲེལ་བ་བཟང་བོ་འཛུགས་པ་དང་། རྒྱལ་ཁབ་གཉིས་བར་རྩོད་གཞི་ཆེ་བའི་མངའ་ཁོངས་གནད་དོན་ཐག་གཅོད་བྱས་ནས་ཞི་བདེའི་ཆིངས་ཡིག་འགོད་པར་རེ་བས་ཁེངས་ཡོད།

ཡིན་ཡང་ཝུའུ་ཁི་ལན་གནས་བབ་ཀྱི་འགྱུར་ལྡོག་དབང་གིས་འཇར་པན་ལ་དཀའ་ལས་ཆེན་པོ་བཟོས། ཕྱོགས་གཅིག་ནས་ཨུ་རུ་སིའི་བར་འབྲེལ་འདྲིས་བྱེད་པ་སྲུང་འཛིན་བྱེད་འདོད་པ་དང་། ཕྱོགས་གཞན་ཞིག་ནས་ཨ་མེ་རི་ཁ་དང་ཡོ་རོབ་གླིང་གི་གོམ་སྟབས་དང་བསྟུན་ནས་ཨུ་རུ་སི་ལ་བཀག་སྡོམ་བྱེད་ཐབས་མི་སྤྱོད་ཐབས་མེད་དུ་གྱུར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག