མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨེ་པའོ་ལཱ་རིམས་ནད་ལས་མི་སྟོང་གཉིས་དང་བརྒྱད་བརྒྱའི་ཚེ་སྲོག་ཤོར་བ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེད་མངག་ཚོགས་པའི་སྔོན་མངག་རུ་ཁག་ཨ་ཧྥེ་རི་ཁ་ནུབ་མར་འབྱོར།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-09-23 11:07

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཚེས་ཉེར་གཉིས་ཉིན་སྤེལ་བའི་རིམས་ནད་ཀྱི་གནས་ཚུལ་གསར་བ་ལྟར་ན། ཨ་ཧྥེ་རི་ཁ་ནུབ་མའི་རྒྱལ་ཁབ་མང་བོར་མཆེད་པའི་ཨེ་པའོ་ལཱ་རིམས་ནད་ལས་མི་སྟོང་གཉིས་དང་བརྒྱད་བརྒྱ་རྐྱེན་ལམ་དུ་ཤོར་ཟེར། མཉམ་འབྲེལ་རྒྱལ་ཚོགས་ཕྱོགས་ཀྱིས་བཤད་རྒྱུར། ཨེ་པའོ་ལཱ་རིམས་ནད་ཀྱི་ཆེད་མངག་ཚོགས་པའི་སྔོན་མངག་རུ་ཁག་ཚེས་ཉེར་གཉིས་ཉིན་ཨ་ཧྥེ་རི་ཁ་ནུབ་མར་འབྱོར་ཡོད་ཟེར།

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་སྤྱི་སྒྲོག་ལས་བཤད་རྒྱུུར། ཨེ་པའེ་ལཱ་རིམས་ནད་ལས་མི་སྟོང་གཉིས་དང་བདུན་བརྒྱ་གོ་གསུམ་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི་སྟོང་ལྔ་དང་བདུན་བརྒྱ་རེ་གཉིས་ལ་ནད་དུག་འགོས་ཡོད། དེའི་ནང་ལི་པུ་ཡཱའི་རིམས་ནད་ཀྱི་གནས་ཚུལ་ཧ་ཅང་ཚབས་ཆེན་ཡིན་པ་དང་། རྒྱལ་ཁབ་དེར་མི་སྟོང་གཅིག་དང་ལྔ་བརྒྱ་དོན་བརྒྱ་རིམས་ནད་དེའི་དབང་གིས་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི་སྟོང་གསུམ་དང་ཉེར་གཉིས་ལ་ནད་དུག་འགོས་ཡོད་ཟེར།

དེ་ལས་གཞན་སེ་ར་ལེ་ཨོང་དཔོན་ཕྱོགས་ཀྱིས་ཚེས་ཉེར་གཉིས་ཉིན་བཤད་རྒྱུར། དུས་ཡུན་ཉིན་གསུམ་གྱི་རྒྱལ་ཡོངས་བཀག་སྡོམ་བྱ་བ་མཇུག་སྒྲིལ་རྗེས། སྨན་བཅོས་སྡེ་ཁག་གིས་བསྡོམས་རྩིས་བྱས་པ་ལྟར་ན། ཉུང་མཐར་ཡང་ཨེ་པའོ་ལཱ་རིམས་ནད་འགོས་པའི་ནད་པ་བརྒྱ་དང་སུམ་ཅུ་ཇེ་མང་དུ་སོང་ཡོད་ཟེར། སེ་ར་ལེ་ཨོང་གིས་ཟླ་འདིའི་ཚེས་བཅུ་དགུའི་ཉིན་ནས་ཚེས་ཉེར་གཅིག་ཉིན་བར་རྒྱལ་ཡོངས་རང་བཞིན་གྱི་བཀག་སྡོམ་བྱེད་ཐབས་སྤྱད་པ་དང་། དེའི་དམིགས་ཡུལ་ནི་ཨེ་པའོ་ལཱ་རིམས་ནད་ཀྱི་ནད་དུག་འགོས་པའི་ནད་པ་དུས་ལྟར་རྙེད་པའི་ཆེད་དུ་རེད།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་མགྲིན་ཚབ་པ་ཏུའུ་ཅཱ་ལི་ཁི་ཡིས་ཚེས་ཉེར་གཉིས་ཉིན་བཤད་རྒྱུར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཨེ་པའོ་ལཱ་རིམས་ནད་ཀྱི་ཆེད་མངག་ཚོགས་པའི་སྔོན་མངག་རུ་ཁག་ཉིན་དེར་ཨ་ཧྥེ་རི་ཁ་ནུབ་མའི་རྒྱལ་ཁབ་ཀ་ནཱའི་རྒྱལ་ས་་ཨ་ཁི་ལཱ་རུ་འབྱོར་ཡོད་ཟེར། ཆེད་མངག་ཚོགས་པས་ཨ་ཁི་ལཱ་རྟེན་གཞིར་བྱས་ཏེ། རིམས་ནད་བྱུང་སར་མི་སྣ་མངག་གཏོང་དང་སྒྲིག་ཆས་བཀོད་སྒྲིག་བྱེད་པའི་འཆར་གཞི་ཡོད།

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཚེས་ཉེར་གཉིས་ཉིན་ད་རུང་རྩ་འཛུགས་དེས་བསྡུས་པའི་རྒྱལ་སྤྱིའི་བྲེལ་མྱུར་མཐུན་སྦྱོར་ཚོགས་འདུ་ཐེངས་གཉིས་པའི་འབྲེལ་ཡོད་གནས་ཚུལ་ཁྱབ་སྒྲོག་བྱས་ཏེ། རིམས་ནད་བྱུང་སའི་རྒྱལ་ཁབ་ཀྱི་མཁའ་འགྲུལ་མཚམས་འཇོག་མི་རུང་བ་དང་། རིམས་ནད་བྱུང་སར་བགྲོད་པའི་བར་སྣང་འགྲིམ་འགྲུལ་བདེ་ལེགས་ཡིན་དགོས་པ་ནན་བད་བྱས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག