མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

འཛམ་གླིང་ཡོངས་ཀྱི་གྲོང་ཁྱེར་སྟོང་གཉིས་ལྷག་ནས་ནམ་ཟླའི་ཁྲོམ་སྐོར་བྱ་འགུལ་སྤེལ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-09-23 11:06

全球超两千个城市举行“气候游行” 1.jpg

  ཟླ་དགུ་བའི་ཚེས་ཉེར་གཅིག་ཉིན། ཨ་མེ་རི་ཁའི་ཉིག་ཡོ་གྲོང་ཁྱེར་ནས། སྐྱེས་པ་ཞིག་གིས་སའི་གོ་ལའི་དཔེ་གཟུགས་ཤིག་ཁུར་ནས་ཁྲོམ་སྐོར་ལ་ཞུགས་ཏེ། ནམ་ཟླའི་འགྱུར་ལྡོག་གནད་དོན་ལ་དོ་སྣང་བྱེད་དགོས་པའི་འབོད་སྐུལ་བཏང་།

全球超两千个城市举行“气候游行” 2.jpg

  ཟླ་དགུ་བའི་ཚེས་ཉེར་གཅིག་ཉིན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕན་ཅི་ཝུན་ཉིག་ཡོ་གྲོང་ཁྱེར་ནས་ནམ་ཟླའི་འགྱུར་ལྡོག་གནད་དོན་ལ་དོ་སྣང་བྱེད་པར་འབོད་སྐུལ་གཏོང་བའི་གཞི་རྒྱ་ཆེ་བའི་ཁྲོམ་སྐོར་བྱ་འགུལ་ནང་ཞུགས།

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉིས་སྟོང་བཅུ་བཞི་ལོའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ནམ་ཟླའི་འགྱུར་ལྡོག་གི་མཐོ་རིམ་གྲོས་ཚོགས་ཚེས་ཉེར་གསུམ་ཉིན་ཉིག་ཡོ་གྲོང་ཁྱེར་དུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་ནས་སྤེལ་རྒྱུ་ཡིན་པ་དང་། སྐབས་དེར་རྒྱལ་ཁབ་བརྒྱ་དང་ཉི་ཤུ་ལྷག་ནས་ཡོང་བའི་མགོ་གཙོ་གྲོས་ཚོགས་ལ་ཞུགས་རྒྱུ་རེད། ཐེངས་འདིའི་མཐོ་རིམ་གྲོས་ཚོགས་ནི་ལོ་རྒྱུས་སྟེང་གཞི་རྒྱ་ཆེས་ཆེ་བའི་ཆེད་དུ་ནམ་ཟླའི་འགྱུར་ལྡོག་གནད་དོན་ལ་གྲོས་བསྡུར་བྱེད་པའི་རྒྱལ་སྤྱིའི་གྲོས་ཚོགས་ཤིག་ཡིན་པ་དང་། ཉིས་སྟོང་བཅོ་ལྔ་ལོའི་ཕཱ་རེ་སིའི་ནམ་ཟླའི་འགྱུར་ལྡོག་ཚོགས་ཆེན་སྔོན་གྱི་ཆེས་གལ་ཆེ་བའི་གྲོས་ཚོགས་ཤིག་ཡིན་ལ། རྒྱལ་ཁབ་སོ་སོས་ཉིས་སྟོང་བཅོ་ལྔ་ལོར་འཛམ་གླིང་ཡོངས་ཀྱི་ནམ་ཟླའི་གྲོས་མཐུན་གསར་བ་འགོད་ཐུབ་མིན་ལ་འབྲེལ་བ་ཡོད།

  མཉམ་འབྲེལ་རྒྱལ་ཚོགས་ཀྱི་ནམ་ཟླའི་འགྱུར་ལྡོག་ཚོགས་ཆེན་མ་ཚོགས་གོང་། ཉིག་ཡོ་སོགས་འཛམ་གླིང་གི་གྲོང་ཁྱེར་མང་བོས་ཚེས་ཉེར་གཅིག་ཉིན་གཞི་རྒྱ་ཆེ་བའི་ཁྲོམ་སྐོར་བྱ་འགུལ་སྤེལ་ཏེ། མི་རྣམས་ཀྱིས་ནམ་ཟླའི་འགྱུར་ལྡོག་ལ་དོ་སྣང་བྱེད་དགོས་པའི་འབོད་སྐུལ་བཏང་བ་དང་། ནམ་ཟླའི་འགྱུར་ལྡོག་གིས་སའི་གོ་ལར་ཐེབས་པའི་གནོད་པ་དྲན་སྐུལ་བྱེད་རྒྱུ་རེད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕན་ཅི་ཝུན་ཉིན་དེར་ཁྲོམ་སྐོར་བྱ་འགུལ་ལ་ཞུགས་ཏེ། ཁོར་ཡུག་སྲུང་སྐྱོབ་ཐད་རང་ནུས་ཅི་ཡོད་བཏོན།

  ཕན་ཅི་ཝུན་ཚེས་ཉེར་གཅིག་ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་པུའུ་ཡོད་སའི་ཨ་མེ་རི་ཁའི་ཉིག་ཡོ་གྲོང་ཁྱེར་ནས་མང་ཚོགས་ཁྲི་ཕྲག་འགའ་དང་མཉམ་དུ་གཞི་རྒྱ་ཆེ་བའི་ཁྲོམ་སྐོར་བྱ་འགུལ་ལ་ཞུགས་ཏེ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ནམ་ཟླའི་འགྱུར་ལྡོག་ཐག་གཅོད་བྱེད་དགོས་པའི་སྐུལ་མ་བཏང་།

  གཙོ་སྒྲུབ་ཕྱོགས་ཀྱིས་བསྡོམས་རྩིས་རགས་ཙམ་བྱས་པ་ལྟར་ན། ཉིན་དེར་ཁྲོམ་སྐོར་བྱ་འགུལ་ལ་ཞུགས་པའི་མི་འབུམ་གསུམ་དང་ཁྲི་གཅིག་ལ་བསླེབས་པ་དང་ལོ་རྒྱུས་ཀྱི་ཟིན་ཐོ་བསྐྲུན་ཡོད་ཟེར། ཕན་ཅི་ཝུན་དང་ཉིག་ཡོ་གྲོང་ཁྱེར་གྱི་ཧྲི་ཀྲང་ཏི་པུའུ་ལཱ་ཞི་ཨོ། ཨ་མེ་རི་ཁའི་སྔོན་ཆད་ཀྱི་ཙུང་ཐུང་གཞོན་པ་ཀི་ཨར་སོགས་རྒྱལ་སྤྱིའི་མི་གྲགས་མི་སྣ་ཡང་ཁྲོམ་སྐོར་བྱ་འགུལ་ལ་ཞུགས་ཡོད་ཟེར།

  ཕན་ཅི་ཝུན་གྱིས་བསྟན་དོན། ནམ་ཟླའི་འགྱུར་ལྡོག་ཐག་གཅོད་བྱེད་པའི་འགུལ་སྐྱོད་ལ་ཇུས་གཞི་ངེས་གཏན་ཅན་ཞིག་མེད། རྒྱུ་མཚན་ནི་མིའི་རིགས་འཚོ་སྡོད་བྱེད་སའི་སའི་གོ་ལར་ལྷག་མ་མེད་པས། ང་ཚོས་ངེས་པར་དུ་འབད་བརྩོན་གྱིས་བྱ་བ་བསྒྲུབས་ཏེ། འགུལ་སྐྱོད་སྤེལ་བར་ཡར་སྐུལ་བྱེད་དགོས་ཟེར།

  ཕན་ཅི་ཝུན་གྱིས་གསར་འགོད་པར་བཤད་རྒྱུར། ང་རང་མི་རྣམས་ཀྱི་སྟོབས་དང་ལྡན་པའི་ཤུགས་དང་ནུས་པ། འབོད་སྒྲ་བཅས་ཀྱིས་སྤ་ཀོང་བར་བྱས་ཡོད། འབོད་སྒྲ་དེ་ཟླ་དགུ་བའི་ཚེས་ཉེར་གསུམ་ཉིན་གྱི་གྲོས་ཚོགས་ལ་ཞུགས་པའི་མགོ་ཁྲིད་པར་བརྒྱུད་སྒྲོག་བྱེད་པར་རེ་བས་ཁེངས་ཡོད། ནམ་ཟླའི་འགྱུར་ལྡོག་ནི་ང་ཚོའི་དུས་རབས་འདིའི་ཐག་གཅོད་རང་བཞིན་ལྡན་པའི་གནད་དོན་ཞིག་ཡིན་པ་དང་། དུས་ཚོད་ཆུད་ཟོས་སུ་གཏོང་ཁོམ་གཏན་ནས་མེད། གལ་ཏེ་ང་ཚོས་མྱུར་དུ་འགུལ་སྐྱོད་མ་སྤེལ་ན། ང་ཚོར་མཇུག་འབྲས་ཡ་ང་བ་འབྱུང་སྲིད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག