མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཡེ་མིན་སྲིད་གཞུང་དང་ཧུའུ་སེ་དྲག་ཆས་རྩ་འཛུགས་ཀྱིས་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་བཀོད།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-09-22 11:12

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཡེ་མིན་སྲིད་གཞུང་དང་ཧུའུ་སེ་དྲག་ཆས་རྩ་འཛུགས་ཀྱིས་ཚེས་ཉེར་གཅིག་ཉིན་གྱི་དགོང་མོར་རྒྱལ་ས་སཱ་ནཱ་ནས་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་བཀོད་དེ། སཱ་ནཱ་གྲོང་ཁྱེར་གྱི་གཟའ་འཁོར་གཅིག་ཙམ་གྱི་དྲག་ཆས་ཁྲག་བཞུར་འཁྲུག་རྩོད་མཇུག་སྒྲིལ་བ་རེད།

གྲོས་མཐུན་འགོད་པའི་མཛད་སྒོའི་སྟེང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཡེ་མིན་གནད་དོན་གྱི་དམིགས་བསལ་འཐུས་མི་ཨོ་མཱ་ཨར་གྱིས་གྲོས་མཐུན་ནང་དོན་སྒྲོག་འདོན་བྱས། ཡེ་མིན་སྲིད་གཞུང་དང་ཧུའུ་སེ་དྲག་ཆས་རྩ་འཛུགས་ཀྱིས་མྱུར་དུ་སཱ་ནཱ་གྲོང་ཁྱེར་གྱི་འཁྲུག་རྩོད་མཚམས་འཇོག་རྒྱུར་འཐད་པ་བྱུང་། ཙུང་ཐུང་ཧཱ་ཏིས་ཀྱིས་ཉེ་ལམ་ཙུང་ལི་གསར་བ་བསྐོར་འཇོག་བྱེད་རྒྱུ་ཡིན་པ་དང་། དེའི་རྗེས་ཀྱི་ཟླ་ངོ་གཅིག་གི་ནང་ཆེད་མཁས་ཅན་གྱི་སྲིད་གཞུང་འཛུགས་རྒྱུ་མ་ཟད། རླངས་སྣུམ་དང་ཁྲེ་སྣུམ་གྱི་རིན་གོང་ཇེ་དམའ་རུ་གཏོང་རྒྱུ་རེད། གྲོས་མཐུན་དེས་ཞོར་དུ་ཧུའུ་སེ་དྲག་ཆས་རྩ་འཛུགས་ལ་ནེ་ཀིའི་རྩ་འཛུགས་དང་མ་འོངས་པའི་དམག་དཔུང་བཅོས་བསྒྱུར་ཁྲོད་དབང་ཆ་སྔར་ལས་ཆེན་པོ་བསྩལ་ཡོད་པ་རེད།

ཧུའུ་སེ་དྲག་ཆས་རྩ་འཛུགས་ཀྱིས་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་གྱི་བདེ་འཇགས་ལས་དོན་ལ་འབྲེལ་བའི་ཟུར་སྣོན་ཡིག་ཆ་མ་བཀོད་པ་དང་། ཟུར་སྣོན་ཡིག་ཆ་དེ་ལས་ཧུའུ་སེ་དྲག་ཆས་རྩ་འཛུགས་ཀྱིས་སྲིད་གཞུང་ལ་དེས་བཙན་བཟུང་བྱས་པའི་གྲོང་ཁྱེར་སྤྲོད་པ་དང་། སཱ་ནཱ་གྲོང་ཁྱེར་ནས་དམག་དཔུང་ཕྱིར་འཐེན་བྱེད་པ། རྔམ་སྟོན་ཁྲོམ་སྐོར་བྱ་འགུལ་མཚམས་འཇོག་པ། རྒྱལ་ཡོངས་ཀྱི་འགྲིག་མཐུན་གྲོས་མོལ་ལྟར་དུ་རང་གི་མཚོན་ཆ་བསྐྱུར་དགོས་པའི་རེ་བ་བཏོན་ཡོད།

དཔོན་ཕྱོགས་ཀྱིས་བསྒྲགས་པ་ལྟར་ན། ཡེ་མིན་གྱི་ཙུང་ལི་པཱ་སང་ཏུའུ་ཡིས་འཁྲུག་རྩོད་གྲོས་མཐུན་མ་བཀོད་གོང་གི་དུས་ཚོད་འགའི་ནང་ལས་ཁུར་དགོངས་ཞུ་བྱེད་རྒྱུ་ཁྱབ་སྒྲོག་བྱས་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག