མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ལི་པུ་ཡཱའི་འཁྲུག་རྩོད་ཕྱོགས་ཁག་སོ་སོས་གྲོས་མོལ་བྱེད་དགོས་པའི་གྲོས་གཞི་བཏོན།

  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-09-22 11:11

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལི་པུ་ཡཱའི་རོགས་སྐྱོར་ཆེད་མངག་ཚོགས་པས་ཚེས་ཉེར་གཅིག་ཉིན་གསལ་སྒྲོག་སྤེལ་ཏེ། ལི་པུ་ཡཱའི་འཁྲུག་རྩོད་ཕྱོགས་ཁག་སོ་སོས་ཟླ་འདིའི་ཚེས་ཉེར་དགུའི་ཉིན་གྲོས་མོལ་བྱས་ཏེ་ཉམས་ཉེན་ཞི་འཇགས་སུ་གཏོང་དགོས་པའི་གྲོས་གཞི་བཏོན།

གསལ་སྒྲོག་ལས་བཤད་རྒྱུར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ལི་པུ་ཡཱའི་གནད་དོན་གྱི་དམིགས་བསལ་འཐུས་མི་ལེ་ཨང་གིས་འདས་པའི་གཟའ་འཁོར་གཉིས་ཀྱི་ནང་ལི་པུ་ཡཱའི་ཕྱོགས་ཁག་སོ་སོའི་མི་སྣར་གྲོས་མོལ་བྱས་པ་དང་། གཅིག་གྱུར་གྱིས་བལྟས་ན། ཆབ་སྲིད་གྲོས་མོལ་ནི་ལི་པུ་ཡཱའི་མིག་སྔའི་ཉམས་ཉེན་དེ་ཐག་གཅོད་བྱེད་པའི་ཐབས་ལམ་ཉག་ཅིག་ཡིན་པར་འདོད།

གསལ་སྒྲོག་ལས་བཤད་རྒྱུར། གྲོས་མོལ་ཁྲོད་ཀྱི་གྲོས་རིམ་གཙོ་བོ་ཞིག་ནི་ལི་པུ་ཡཱའི་སྔོན་ཆད་ཀྱི་གྲོས་ཁང་གིས་གྲོས་ཁང་གསར་བར་དབང་ཆ་བརྒྱུད་སྤྲོད་བྱེད་པའི་དུས་ཚོད་དང་ས་གནས་སོགས་རེད།

ཟླ་བདུན་པའི་ཚེས་བཅུ་གསུམ་ཉིན་གྱི་ཚུན་ལ། ལི་པུ་ཡཱའི་ཕྱོགས་ཁག་གཉིས་ཀྱི་དམངས་དམག་དྲག་ཆས་པས་རྒྱལ་ས་ཏི་ལེ་པའོ་ལི་ནས་མུ་མཐུད་དུ་འཁྲུག་རྩོད་བྱས་པ་དང་། ལི་པུ་ཡཱའི་གནས་སྐབས་སྲིད་གཞུང་དང་སྐབས་གསར་བའི་གྲོས་ཁང་གི་རྒྱལ་དམངས་འཐུས་མིའི་ཚོགས་ཆེན་དེ་ཤར་ཕྱོགས་ཀྱི་ཐུའུ་པུའུ་ལུའུ་ཀི་མཁར་གྲོང་ཆུང་བར་མི་འགྲོ་ཐབས་མེད་བྱུང་། ལི་པུ་ཡཱའི་སྐྱ་རེངས་ཞེས་པའི་དྲག་ཆས་པས་ཏི་ལེ་པའོ་ལིའི་ཚོད་འཛིན་དབང་ཆ་འཕྲོག་ལེན་བྱས་རྗེས། འགན་ཡུན་ལོངས་པའི་ལི་པུ་ཡཱའི་རྒཡལ་དམངས་གྲོས་ཁང་སླར་གསོ་བྱས་ཏེ་རྒྱལ་སྐྱོབ་སྲིད་གཞུང་བཙུགས། དེ་བས་ལི་པུ་རུ་གྲོས་ཁང་གཉིས་དང་སྲིད་གཞུང་གཉིས་ཡོད་པའི་རྣམ་པ་བྱུང་ཡོད།

ཏི་ལེ་པའོ་ལིའི་འཁྲུག་རྩོད་མུ་མཐུད་དུ་སྤེལ་བཞིན་ཡོད་པ་དང་། ཤར་ཕྱོགས་ཀྱི་པན་ཅཱ་ཞི་སོགས་ས་ཁུལ་གྱི་འཁྲུག་རྩོད་སྔར་ལས་ཛ་དྲག་ཏུ་འགྱུར་བཞིན་ཡོད་ལ། འཁྲུག་རྩོད་ཕྱོགས་ཁག་སོ་སོས་མཉམ་འབྲེལ་རྒྱལ་ཚོགས་དང་བཅས་པའི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་འཁྲུག་རྩོད་མཚམས་འཇོག་པའི་འབོད་སྐུལ་ལ་དོ་སྣང་གཏན་ནས་མ་བྱས། མིག་སྔར་ད་རུང་ཕྱོགས་ཁག་སོ་སོས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གྲོས་མོལ་གྲོས་གཞི་དང་ལེན་བྱེད་མིན་གསལ་བོར་མི་ཤེས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག