མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་མཱ་ལིའི་ཆེད་མངག་ཚོགས་པར་འཇབ་རྒོལ་ཐེབས་ནས་མི་ལྔ་རྐྱེན་ལམ་དུ་ཤོར་བ་དང་ཕན་ཅི་ཝུན་གྱིས་རྒོལ་གཏམ་བཏང་།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-09-21 10:52

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕན་ཅི་ཝུན་གྱིས་ཚེས་བཅུ་དགུའི་ཉིན་མགྲིན་ཚབ་པ་བརྒྱུད་དེ་གསལ་སྒྲོག་སྤེལ་ནས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཀྲ་ཏིའི་ཞི་བདེ་སྲུང་སྐྱོབ་དམག་མི་ལྔར་མཱ་ལིའི་བྱང་ཕྱོགས་ས་ཁུལ་ནས་འཇབ་རྒོལ་ཐེབས་ཏེ་རྐྱེན་ལམ་དུ་ཤོར་བར་རྒོལ་གཏམ་བཏང་། འགས་གཏོར་འཇབ་རྒོལ་དོན་རྐྱེན་དེའི་ཁྲོད་ད་རུང་ཞི་བདེ་སྲུང་སྐྱོབ་མི་སྣ་གསུམ་ལ་རྨས་ཕོག་ཟེར།

ཉིས་སྟོང་བཅུ་གསུམ་ལོའི་ཟླ་བདུན་པའི་ཚེས་གཅིག་ཉིན་ནས་བཟུང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཕྱོགས་བསྡུས་གཏན་འཇགས་ཆེད་མངག་ཚོགས་པས་ལས་འགན་ལག་བསྟར་བྱེད་མགོ་བརྩམས་པའི་ཚུན་ལ། བསྡོམས་པས་ཞི་བདེ་སྲུང་སྐྱོབ་མི་སྣ་ཉེར་གཅིག་འགས་གཏོར་ཁྲོད་རྐྱེན་ལམ་དུ་ཤོར་བ་དང་། ཞི་བདེ་སྲུང་སྐྱོབ་མི་སྣ་གྱ་བཞི་ལ་རྨས་ཕོག་ཟེར།

ཕན་ཅི་ཝུན་གྱིས་ཨར་ཅི་རི་ཡཱ་རུ་གྲོས་ཚོགས་ལ་ཞུགས་བཞིན་པའི་མཱ་ལིའི་དྲག་ཆས་རྩ་འཛུགས་སོ་སོས་མྱུར་དུ་འགུལ་སྐྱོད་སྤེལ་དགོས་པའི་འབོད་སྐུལ་བཏང་། གསལ་སྒྲོག་ལས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཕྱོགས་བསྡུས་གཏན་འཇགས་ཆེད་མངག་ཚོགས་པར་མཉམ་ལས་བྱེད་དགོས་པ་དང་། ཁོ་ཚོས་ཟླ་དགུ་བའི་ཚེས་བཅུ་དྲུག་ཉིན་བཏོན་པའི་ཁས་ལེན་ལྟར། འཇབ་རྒོལ་དོན་རྐྱེན་དེ་འདྲ་ཡང་བསྐྱར་འབྱུང་བར་སྔོན་འགོག་བྱ་དགོས་ཟེར།

ཕན་ཅི་ཝུན་གྱིས་གསལ་སྒྲོག་ནང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཞི་བདེ་འཚོལ་ཞིབ་བྱེད་པའི་བརྒྱུད་རིམ་ཁྲོད་མཱ་ལིའི་མི་དམངས་ལ་རྒྱབ་སྐྱོར་བྱེད་པའི་ཁས་ལེན་བྱས་ཡོད་པ་བསྐྱར་སྒྲོག་བྱས། ཁོས་འགས་གཏོར་འཇབ་རྒོལ་ཁྲོད་རང་སྲོག་བློས་བཏང་བའི་དཔའ་སྤོབས་འཛོམས་པའི་དམག་མི་དག་གི་ཁྱིམ་མིར་འཚམས་འདྲི་བྱས་པ་དང་། དོན་རྐྱེན་དེའི་ཁྲོད་རྨས་ཕོག་པའི་ཞི་བདེ་སྲུང་སྐྱོབ་མི་སྣ་སྔ་མོ་ནས་བདེ་ཐང་ཡོང་བའི་སྨོན་འདུན་ཞུས། ཁོས་ད་རུང་མཱ་ལིའི་སྲིད་གཞུང་དང་མི་དམངས་ཀྱིས་བློ་བརྟན་འགྱུར་མེད་ཀྱིས་མཱ་ལིའི་ཞི་བདེ་དང་བདེ་འཇགས་ཀྱི་ཆེད་དུ་འབད་བརྩོན་བྱས་པར་གཟེངས་བསྟོད་བྱས།

བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཀྱང་ཚེས་བཅུ་དགུའི་ཉིན་གསལ་སྒྲོག་སྤེལ་ཏེ། མཱ་ལིའི་འགས་གཏོར་འཇབ་རྒོལ་དོན་རྐྱེན་ལ་རྒོལ་གཏམ་དྲག་པོ་བཏང་བར་མ་ཟད། མཱ་ལིའི་སྲིད་གཞུང་གིས་མྱུར་དུ་འཇབ་རྒོལ་དོན་རྐྱེན་དེར་རྟོག་ཞིབ་བྱས་ཏེ། ཉེས་ཅན་ཁྲིམས་ལ་སྦྱོར་དགོས་པའི་འབོད་སྐུལ་བཏང་།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག