མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཕེའོ་ཅིན་ཧོས་ཀྱིས་ཁཱ་ནཱ་ཏཱ་དང་ཨ་མེ་རི་ཁར་འཚམས་འདྲི་བྱེད་རྒྱུ་རེད།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-09-21 10:51

ཕེའོ་ཅིན་ཧོས་ཀྱི་རྒྱུ་ཆའི་པར་རིས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧན་གོའི་ཙུང་ཐུང་ཕེའོ་ཅིན་ཧོས་ཚེས་ཉི་ཤུའི་ཉིན་གྱི་ཕྱི་དྲོར་ཆེད་བཏང་གནམ་གྲུར་བསྡད་དེ་ཁཱ་ནཱ་ཏཱ་དང་ཨ་མེ་རི་ཁར་འཚམས་འདྲིར་ཆས། དེ་ནི་ཕེའོ་ཅིན་ཧོས་ཀྱིས་འགན་ཁུར་བའི་ཚུན་ལ་ཐེངས་བཅུ་བར་ཕྱི་རྒྱལ་དུ་འཚམས་འདྲིར་སོང་བ་ཡིན་ལ། ད་ལོའི་ཟླ་དྲུག་པར་ཨ་ཤ་ཡཱའི་རྒྱལ་ཁབ་གསུམ་ལ་འཚམས་འདྲི་བྱས་རྗེས་ཟླ་ངོ་གསུམ་གྱི་རྗེས་ནས་ཡང་བསྐྱར་འཚམས་འདྲིར་སོང་བ་རེད།

ཚེས་ཉི་ཤུ་ཉིན་ནས་ཚེས་ཉེར་གཉིས་ཉིན་བར། ཁཱ་ནཱ་ཏཱའི་ཙུང་ལི་ཧཱ་པའོ་ཡི་གདན་ཞུས་ལྟར། ཕེའོ་ཅིན་ཧོས་ཀྱིས་ཁཱ་ནཱ་ཏཱ་རྒྱལ་ཁབ་ལ་རྒྱལ་དོན་འཚམས་འདྲི་བྱེད་རྒྱུ་རེད། ཕེའོ་ཅིན་ཧོས་ནི་ཉེ་བའི་ལོ་བཅོ་ལྔའི་རིང་ཐོག་དང་པོར་ཁཱ་ནཱ་ཏཱ་རུ་འཚམས་འདྲི་བྱས་པའི་ཧན་གོའི་ཙུང་ཐུང་རེད། འཚམས་འདྲི་བྱེད་སྐབས་ཕེའོ་ཅིན་ཧོས་ཀྱིས་ཁཱ་ནཱ་ཏཱའི་རྒྱལ་ས་བོ་ཐེ་ཧྭ་ནས་ཧན་གོའི་སྤུན་ཟླའི་བཞུགས་མོལ་ཚོགས་འདུར་ཞུགས་རྒྱུ་ཡིན་པ་དང་། ཁཱ་ནཱ་ཏཱའི་ཙུང་ཏུའུ་ཡའོ་ཧན་སི་ཏོན་ལ་ཐུག་འཕྲད་བྱེད་རྒྱུ་མ་ཟད། ཧཱ་པའོ་དང་གྲོས་མོལ་བྱས་ཏེ། ཧན་གོ་དང་ཁཱ་ནཱ་ཏཱའི་ཚོང་དོན་གླེང་སྟེགས་ལ་ཞུགས་རྒྱུ་རེད།

ཚེས་ཉེར་གཉིས་ཉིན། ཕེའོ་ཅིན་ཧོས་ཀྱིས་ཁཱ་ནཱ་ཏཱ་རུ་འཚམས་འདྲི་བྱས་རྗེས་ཨ་མེ་རི་ཁར་སོང་ནས། སྔ་གཞུག་ཏུ་མཉམ་འབྲེལ་རྒྱལ་ཚོགས་ནམ་ཟླའི་འགྱུར་ལྡོག་གི་མཐོ་རིམ་གྲོས་ཚོགས་དང་། མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་སྐབས་རེ་དགུ་བ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོས་མགོ་འཛིན་བྱས་ནས་བསྡུས་པའི་སློབ་གསོའི་འཛམ་གླིང་ཡོངས་ཀྱི་གྲོས་འདོན་དང་པོའི་མཐོ་རིམ་གྲོས་ཚོགས། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་མཐོ་རིམ་གྲོས་ཚོགས་བཅས་ལ་ཞུགས་རྒྱུ་རེད།

ཚེས་ཉེར་གསུམ་ཉིན། ཕེའོ་ཅིན་ཧོས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ནམ་ཟླའི་འགྱུར་ལྡོག་གི་མཐོ་རིམ་གྲོས་ཚོགས་ལ་ཞུགས་ནས་གཏམ་བཤད་སྤེལ་ཏེ། ཧན་གོའི་སྲིད་གཞུང་གིས་ནམ་ཟླའི་འགྱུར་ལྡོག་ཐག་གཅོད་པ་དེ་གསར་གཏོད་དཔལ་འབྱོར་གྱི་ལས་འགན་གཙོ་བོར་བརྩིས་ནས་དཔལ་འབྱོར་གྱི་འཕར་ཚད་གསར་གཏོད་བྱེད་པའི་གནས་ཚུལ་མཚམས་སྦྱོར་བྱེད་རྒྱུ་རེད།

ཚེས་ཉེར་བཞིའི་ཉིན་ཕེའོ་ཅིན་ཧོས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ལ་ཞུགས་ཏེ་གཏམ་བཤད་གལ་ཆེན་སྤེལ་ནས། ཧན་གོའི་སྲིད་གཞུང་གིས་རྒྱལ་སྤྱིའི་ཞི་བདེ་དང་བདེ་འཇགས། འགྲོ་མིའི་ཐོབ་ཐང་། དཔལ་འབྱོར་དང་སྤྱི་ཚོགས་ཀྱི་འཕེལ་རྒྱས་སོགས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་འགན་ཆེན་པོ་གསུམ་གྱི་ཐད་བྱས་རྗེས་འཇོག་འདོད་ཡོད་པ་རྒྱས་བཤད་བྱེད་རྒྱུ་མ་ཟད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཧན་གོས་ཁྲའོ་ཞན་ཕྱེད་གླིང་གི་ཡིད་ཆེས་འཕེལ་རིམ་ལ་བརྟེན་ནས་ཁྲའོ་ཞན་ཕྱེད་གླིང་གི་ཞི་བདེ་དང་གཅིག་གྱུར་མངོན་འགྱུར་བྱེད་པ་དང་། ས་ཁུལ་དེའི་རྒྱལ་ཁབ་བར་གྱི་ཡིད་ཆེས་ལ་ཤུགས་བསྣན་ནས་ཨེ་ཤ་ཡཱ་བྱང་ཤར་གྱི་ཞི་བདེ་མཉམ་ལས་བྱེད་པའི་འདོད་འདུན་མངོན་འགྱུར་བྱེད་པར་རྒྱབ་སྐྱོར་བྱེད་དགོས་པའི་འབོད་སྐུལ་གཏོང་རྒྱུ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག