མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཡེ་མིན་གྱིས་རྒྱལ་སའི་ས་ཁུལ་ཁག་ཅིག་ཏུ་མཚན་མགྲོན་འགོག་རྒྱུ་ཁྱབ་སྒྲོག་བྱས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-09-21 10:51

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཡེ་མིན་ཧྲི་ཡེ་ཕྱོགས་ཁག་གི་ཧུའུ་སེ་དྲག་ཆས་མི་སྣ་དང་སྲིད་གཞུང་དམག་དཔུང་དང་ཞོང་ནེ་ཕྱོགས་ཁག་གི་དམངས་དམག་གིས་ཚེས་ཉི་ཤུའི་ཉིན་རྒྱལ་ས་སཱ་ནཱ་ནས་མུ་མཐུད་དུ་དྲག་ཆས་འཁྲུག་རྩོད་བྱས། ཡེ་མིན་ནང་སྲིད་པུའུ་ཡིས་ཉིན་དེ་ནས་བཟུང་འཁྲུག་རྩོད་ཛ་དྲག་ཆེ་བའི་སཱ་ནཱའི་ནུབ་བྱང་ས་ཁུལ་ནས་མཚན་མགྲོན་འགོག་པའི་བྱེད་ཐབས་ལག་བསྟར་བྱེད་རྒྱུ་ཁྱབ་སྒྲོག་བྱས།

ཡེ་མིན་རྒྱལ་སྲུང་པུའུ་ཡི་ཁོངས་སུ་གཏོགས་པའི་དམག་དཔུང་སྨན་ཁང་གི་སྨན་པས་བཤད་རྒྱུར། ཚེས་ཉི་ཤུའི་ཉིན་གྱི་འཁྲུག་རྩོད་ཁྲོད་མི་ང་ལྔ་ཙམ་རྐྱེན་ལམ་དུ་ཤོར་བ་དང་། དེའི་ནང་མི་སེར་དཀྱུས་མ་བཅུ་འདུས། ཚེས་བཅུ་དྲུག་ཉིན་ཕྱོགས་གཉིས་ཀྱིས་སཱ་ནཱ་ནས་འཁྲུག་རྩོད་བྱུང་བའི་ཚུན་ལ། མི་ཉིས་བརྒྱ་ལྷག་རྐྱེན་ལམ་དུ་ཤོར་བ་དང་། དེའི་ནང་མི་སེར་དཀྱུས་མ་ལྔ་བཅུ་ལྷག་ཡོད་ཟེར།

བསྟུད་མར་ཉིན་འགའི་རིང་གི་དྲག་ཆས་འཁྲུག་རྩོད་ལས་སཱ་ནཱའི་བྱང་ཕྱོགས་ས་ཁུལ་དུ་སྡོད་པའི་མང་ཚོགས་སྟོང་ཕྲག་ལྷག་ཁྱིམ་གཞིས་དང་འབྲལ་དགོས་བྱུང་། ཡེ་མིན་སློབ་གསོ་པུའུ་ཡིས་སཱ་ནཱ་གྲོང་ཁྱེར་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་གིས་ཚེས་ཉེར་གཅིག་ཉིན་ནས་བཟུང་སློབ་ཁྲིད་མཚམས་འཇོག་རྒྱུ་དང་། སཱ་ནཱའི་སློབ་ཆེན་ཡང་ཚེས་ཉི་ཤུའི་ཉིན་ནས་བཟུང་སྒོ་རྒྱག་རྒྱུ་ཡིན་པ་ཁྱབ་སྒྲོག་བྱས།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཡེ་མིན་གནད་དོན་གྱི་དམིགས་བསལ་འཐུས་མི་ཨོ་མཱ་ཨར་གྱིས་གྱིས་ཚེས་ཉི་ཤུའི་ཉིན་གྱི་དགོང་མོར་སཱ་ནཱ་ནས་བསྡུས་པའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། ཡེ་མིན་སྲིད་གཞུང་དང་ཧྲི་ཡེ་ཕྱོགས་ཁག་གི་ཧུའུ་སེ་དྲག་ཆས་རྩ་འཛུགས་ཀྱིས་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་གྱི་ནང་དོན་ལ་གྲོས་འཆམ་བྱུང་ཡོད་པར་བཤད་ཀྱང་། ཁོས་ཕྱོགས་གཉིས་ཀྱིས་དུས་ནམ་ཞིག་ལ་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་འགོད་རྒྱུ་ཡིན་པ་གསལ་བོར་བཤད་མེད།  ། 

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག