མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དབྱི་རག་གི་འཇིགས་སྐུལ་ངོ་རྒོལ་ལ་རྒྱབ་སྐྱོར་བྱེད་པ་ཤུགས་ཚད་ཇེ་ཆེར་གཏོང་དགོས་པའི་འབོད་སྐུལ་བཏང་།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-09-20 11:05

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཚེས་བཅུ་དགུའི་ཉིན་ཀྲུའུ་ཞིའི་གསལ་སྒྲོག་སྤེལ་ཏེ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དབྱི་རག་སྲིད་གཞུང་གིས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་དང་འབྲེལ་ཡོད་དྲག་ཆས་ཚོགས་ཁག་ལ་ཆམ་ཕབ་གཏོང་བར་རྒྱབ་སྐྱོར་བྱེད་པའི་ཤུགས་ཚད་ཇེ་ཆེར་གཏོང་དགོས་པའི་སྐུལ་མ་བཏང་།

བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཉིན་དེར་དབྱི་རག་གི་གནས་བབ་ཐད་ནས་གྲོས་ཚོགས་བསྡུས་ཤིང་ཀྲུའུ་ཞིའི་གསལ་སྒྲོག་ལ་གཅིག་གྱུར་འཐད་པ་བྱུང་སྟེ། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་གསར་དུ་བཙུགས་པའི་དབྱི་རག་སྲིད་གཞུང་ལ་དགའ་བསུ་བྱེད་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དབྱི་རག་གིས་སྔར་ལས་ལྷག་པའི་སྒོ་ནས་དམངས་གཙོའི་སྒྲིག་ལུགས་དང་། བདེ་འཇགས་སྲུང་སྐྱོབ། འཇིགས་སྐུལ་རིང་ལུགས་ལ་ངོ་རྒོལ་བཅས་ལ་ཤུགས་སྣོན་བྱས་ཏེ། ཕྱོགས་སོ་སོར་བཟོད་སྒོམ་བྱེད་པའི་ཆབ་སྲིད་འཕེལ་རིམ་ལ་བརྟེན་ནས་དུས་ཡུན་རིང་བོར་གནས་པའི་གནད་དོན་ཐག་གཅོད་བྱེད་དགོས་པའི་འབོད་སྐུལ་བཏང་།

བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་འཇིགས་སྐུལ་རྩ་འཛུགས་དང་འབྲེལ་ཡོད་དྲག་ཆས་ཚོགས་ཁག་གིས་དབྱི་རག་དང་སི་རི་ཡཱ། ལེ་པཱ་ནུན་བཅས་སུ་དཔུང་འཇུག་བྱ་འགུལ་སྤེལ་བར་རྒོལ་གཏམ་དྲག་པོ་བཏང་སྟེ། གཞི་རྒྱ་ཆེ་བའི་དཔུང་འཇུག་བྱ་འགུལ་སྤེལ་ཏེ་ས་ཁུལ་དེར་འཇིགས་ཉེན་ཚབས་ཆེན་བཟོས་ཡོད། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱལ་སྤྱིའི་བཅའ་ཁྲིམས་ལྟར་སྔར་ལས་ལྷག་པའི་སྒོ་ནས་དབྱི་རག་སྲིད་གཞུང་གི་རྒྱབ་སྐྱོར་ལ་ཤུགས་སྣོན་བྱས་ཏེ། དབྱི་རག་གིས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་དང་འབྲེལ་ཡོད་དྲག་ཆས་ཚོགས་ཁག་ལ་ཆམ་ཕབ་གཏོང་བར་རོགས་རམ་བྱེད་དགོས་པར་མ་ཟད། འབྲེལ་ཡོད་ཁྲིམས་འགལ་རྡོ་སྣུམ་ཉོ་ཚོང་ལ་བཀག་འགོག་དང་འཇིགས་སྐུལ་རིང་ལུགས་ཀྱི་མ་དངུལ་ཐོན་ཁུངས་མེད་པར་བཟོ་དགོས་པ་བསྐྱར་སྒྲོག་བྱས།

ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ཁི་ལེ་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཟླ་འདིའི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཨ་མེ་རི་ཁའི་འཐུས་མི་ཡིན་པའི་ཆ་ནས་གྲོས་ཚོགས་ལ་མགོ་འཛིན་བྱས། ཁོས་བཤད་རྒྱུར། དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཚར་གཅོད་བྱེད་པར་དམག་དོན་ཐད་ནས་མཉམ་ལས་བྱེད་དགོས་པར་མ་ཟད་ཕྱོགས་གཞན་ནས་ཀྱང་མཉམ་ལས་ཟབ་མོ་བྱེད་དགོས་ཟེར། དབྱི་ལིང་དང་བཅས་པའི་འཛམ་གླིང་ཡོངས་ཀྱི་རྒྱལ་ཁབ་སོ་སོས་ནུས་པ་ངེས་ཅན་འདོན་དགོས་ཟེར།

དབྱི་རག་གི་ཕྱི་འབྲེལ་བློན་ཆེན་གསར་བ་ཅཱ་ཧྥ་ལི་ཡིས་ཚོགས་ཐོག་ནས་གཏམ་བཤད་སྤེལ་ཏེ། རྒྱལ་ཁབ་སོ་སོས་དབྱི་རག་གིས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་ཆམ་ཕབ་གཏོང་བར་དམག་དོན་དང་དཔལ་འབྱོར་ཚོགས་ཀྱི་ཐད་ནས་རོགས་སྐྱོར་བྱེད་དགོས་པའི་འབོད་སྐུལ་བཏང་།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་དབྱི་རག་གནད་དོན་གྱི་དམིགས་བསལ་འཐུས་མི་མུའུ་ལཱ་ཏི་ནོའུ་ཧྥུའུ་ཡིས་གནས་ཚུལ་སྙན་ཞུ་བྱེད་སྐབས་བཤད་རྒྱུར། དབྱི་སི་ལན་རྒྱལ་ཁབ་ཀྱིས་དབྱི་རག་ལ་དཔུང་འཇུག་བྱས་ཏེ་མི་ཆོས་རིང་ལུགས་ཀྱི་གནོད་འཚེ་བཟོས་ཡོད། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཚོད་དཔག་བྱས་པ་ལྟར་ན། ད་ལོའི་ཟླ་དྲུག་པའི་ཚུན་ལ། ཉུང་མཐར་ཡང་མི་སེར་དཀྱུས་མ་སྟོང་བཞི་དང་བདུན་བརྒྱ་རྐྱེན་ལམ་དུ་ཤོར་བ་དང་། དབྱི་རག་གི་མི་ས་ཡ་གཅིག་དང་འབུམ་བརྒྱད་ད་ལོའི་ཟླ་དང་པོའི་ཚུན་ལ་ཁྱིམ་གཞིས་དང་བྲལ་ནས་གང་སར་འཁྱམས། འཁྲུག་རྩོད་བྱུང་སར་མིག་སྔར་ད་རུང་མི་འབུམ་དྲུག་དང་ཁྲི་ལྔ་ལྷག་ལ་རོགས་སྐྱོར་ཐོབ་ཐབས་མེད་ཟེར།  ། 

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག