མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨ་མེ་རི་ཁའི་རྒྱལ་སྲུང་བློན་ཆེན་གྱིས་ཕྱོགས་བསྡུས་བྱེད་ཐབས་སྤྱད་དེ་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་ཆམ་ཕབ་གཏོང་དགོས་པའི་འབོད་སྐུལ་བཏང་།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-09-19 11:48

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་རྒྱལ་སྲུང་བློན་ཆེན་ཧཱ་ཀིར་གྱིས་ཚེས་བཅུ་དགུའི་ཉིན་བསྟན་དོན། མུ་མཐུད་དུ་བར་སྣང་ནས་འཇབ་རྒོལ་དང་རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་པ་ལས་གཞན། ཨ་མེ་རི་ཁས་སི་རི་ཡཱའི་ངོ་རྒོལ་ཕྱོགས་ཁག་དང་། དབྱི་རག་གི་བདེ་འཇགས་དམག་དཔུང་། ཁུའུ་ཨར་ཏི་བའི་དྲག་ཆས་པ་སོགས་ལ་རོགས་རམ་བྱེད་པའི་ཕྱོགས་བསྡུས་བྱེད་ཐབས་སྤྱད་དེ་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་ཆམ་ཕབ་གཏོང་བའི་ཤུགས་ཚད་ཇེ་ཆེར་གཏོང་རྒྱུ་ཡིན་ཟེར།

ཧཱ་ཀིར་ཉིན་དེར་དམངས་གྲོས་ཁང་གི་དམག་དོན་ཨུ་ཡོན་ལྷན་ཁང་གི་ཉན་ཞིག་ཚོགས་འདུར་ཞུགས་སྐབས་བཤད་རྒྱུར། ཨ་མེ་རི་ཁའི་སྦྱོང་བརྡར་དང་ལེན་བྱས་པའི་སི་རི་ཡཱའི་ངོ་རྒོལ་ཕྱོགས་ཁག་གི་དྲག་ཆས་པས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་དང་འཁྲུག་རྩོད་བྱེད་པའི་ཁྲོད་ནུས་པ་གལ་ཆེན་འདོན་བཞིན་ཡོད་པ་དང་། ཨ་མེ་རི་ཁས་ཁོ་ཚོར་སྔར་ལས་ལྷག་པའི་རོགས་སྐྱོར་བྱེད་རྒྱུ་ཡིན་ཟེར།

ཧཱ་ཀིར་གྱིས་ནན་གྱིས་བསྟན་དོན། སི་རི་ཡཱའི་ངོ་རྒོལ་ཕྱོགས་ལ་རོགས་སྐྱོར་བྱེད་པའི་དམིགས་ཡུལ་ནི་མི་སྣའི་ཐད་ནས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་པར་དོ་མཉམ་ཡོང་བར་བྱེད་པའི་ཆེད་མིན་པ་དང་། དེའི་འཐབ་འཛིང་ནུས་པར་ཤུགས་སྣོན་བྱས་ཏེ་ཁོ་ཚོས་ཐལ་སྤྱོད་རྩ་འཛུགས་བར་འཁྲུག་རྩོད་བྱེད་སྐབས་རྒྱལ་ཁ་ལོན་པར་འགན་སྲུང་བྱེད་པའི་ཆེད་ཡིན་ཟེར། ཁོས་བཤད་རྒྱུར། དེ་ལས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱིས་གཡུལ་ས་ནས་འཐབ་རྩལ་མཁས་པའི་ས་གནས་དམག་དཔུང་ལ་ཁ་གཏོད་དུ་འཇུག་དགོས་ཟེར།

ཨ་མེ་རི་ཁའི་རྒྱལ་ཚོགས་དམངས་གྲོས་ཁང་གིས་ཚེས་བཅུ་བདུན་ཉིན་སི་རི་ཡཱའི་ངོ་རྒོལ་ཕྱོགས་ཁག་ལ་སྦྱོང་བརྡར་དང་སྒྲིག་ཆས་ཀྱི་རྒྱབ་སྐྱོར་བྱེད་པའི་འཆར་གཞི་ཞིག་ལ་གྲོས་འཆམ་བྱུང་། ཨོ་པཱ་མཱ་ཡིས་བསྟན་དོན། དམངས་གྲོས་ཁང་གི་ཆོད་དོན་དེ་མཇུག་མཐར་སི་རི་ཡཱའི་མངའ་ཁོངས་ཀྱི་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་སྟོབས་ཤུགས་རྩ་མེད་དུ་གཏོང་བའི་གོ་རིམ་གལ་ཆེན་ཞིག་ཡིན་ཟེར། ཁྱོས་ད་རུང་ནན་གྱིས་བསྟན་དོན། ཨ་མེ་རི་ཁ་ཕྱོགས་ཀྱིས་སི་རི་ཡཱའི་ས་ཁོངས་ཕྱི་ནས་དབུས་ཤར་ས་ཁུལ་གྱི་རྒྱལ་ཁབ་དག་དང་མཉམ་དུ་འཆར་གཞི་དེ་ལག་བསྟར་བྱེད་རྒྱུ་ཡིན་པ་དང་། འཆར་གཞི་དེར་ཞུགས་པའི་ཨ་མེ་རི་ཁའི་དམག་མི་སི་རི་ཡཱའི་མངའ་ཁོངས་སུ་འགྲོ་མི་སྲིད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག