མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཕུའུ་ཅིན་གྱིས་དཔལ་འབྱོར་ཚོགས་པ་འཕེལ་རྒྱས་སུ་བཏང་སྟེ་བཀག་སྡོམ་ལ་སྔོན་འགོག་བྱེད་དགོས་པའི་རེ་བ་བཏོན།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-09-19 11:48

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཚེས་བཅོ་བརྒྱད་ཉིན་བཤད་རྒྱུར། ནུབ་ཕྱོགས་ཀྱི་བཀག་སྡོམ་ལ་སྔོན་འགོག་བྱེད་ཆེད། ཨུ་རུ་སིའི་དཔལ་འབྱོར་སྲིད་ཇུས་ཀྱིས་དཔལ་འབྱོར་ཚོགས་པ་འཕེལ་རྒྱས་སུ་གཏོང་བ་གཙིགས་སུ་འཛིན་དགོས་ཟེར།

ཕུའུ་ཅིན་གྱིས་ཉིན་དེར་ཁི་ལི་མུའུ་ལིན་ཕོ་བྲང་ནས་བསྡུས་པའི་རྒྱལ་སྲིད་གྲོས་ཚོགས་སྟེང་བཤད་རྒྱུར། རྒྱལ་ནང་ཚོང་ར་ཆེན་མོ་ནི་ཨུ་རུ་སིའི་འགྲན་རྩོད་སྟོབས་ཤུགས་གཙོ་བོ་ཞིག་ཡིན། ཨུ་རུ་སི་ཡིས་བཀག་སྡོམ་གྱི་ཤུགས་རྐྱེན་སྔོན་འགོག་བྱེད་པའི་དམིགས་འབེན་གཙོ་བོ་ཞིག་ནི་ཁྱད་སྟོབས་དེ་བེད་སྤྱོད་བྱས་ཏེ། དཔལ་འབྱོར་སྡེ་ཁག་གིས་རྒྱལ་ནང་ཚོང་རར་འདང་ཚིམས་པའི་ཁྱད་པར་ཐོན་རྫས་འདོན་སྤྲོད་བྱས་ཤིང་། ཚོང་ར་དང་དཔལ་འབྱོར་གྱི་བརྟན་འཇགས་དང་དོ་མཉམ་སྲུང་འཛིན་བྱེད་དགོས། དེ་བས་རྒྱལ་ཕྲན་མཉམ་འབྲེལ་དང་ས་གནས་སྲིད་གཞུང་གིས་དཔལ་འབྱོར་སྲིད་ཇུས་གཏན་འབེབས་བྱེད་སྐབས་དཔལ་འབྱོར་ཚོགས་པ་འཕེལ་རྒྱས་སུ་གཏོང་བ་གཙོར་འཛིན་དགོས་ཟེར།

ཕུའུ་ཅིན་གྱིས་བསྟན་དོན། དཔལ་འབྱོར་ཚོགས་པ་འཕེལ་རྒྱས་སུ་གཏོང་ཆེད། ཐོག་མར་ཡིད་རྟོན་དངུལ་བུན་གྱི་མཁོ་འདོན་ལ་འགན་སྲུང་བྱས་ཏེ་བཟོ་ལས་ཁེ་ལས་ཀྱི་དངུལ་བུན་གྱི་བུ་ལོན་ཚད་ཇེ་དམའ་རུ་གཏོང་དགོས་པ་དང་། ཞོར་དུ་རྨང་གཞིའི་སྒྲིག་ཆས་ཤུགས་ཆེན་པོས་འཕེལ་རྒྱས་སུ་གཏོང་དགོས། གསུམ་ནས་ཆེད་ལས་མི་སྣའི་གསོ་སྦྱོང་ལ་ཤུགས་སྣོན་བྱ་དགོས་ཟེར། ཁོས་ནན་གྱིས་བསྟན་དོན། ཨུ་རུ་སི་ཡིས་ནུབ་ཕྱོགས་རྒྱལ་ཁབ་ཀྱི་བཀག་སྡོམ་བྱེད་ཐབས་ལ་དམིགས་པའི་སྲུང་སྐྱོབ་བྱེད་ཐབས་ནི་ཁོ་ཚོར་ཆད་གཅོད་བྱེད་པའི་ཆེད་མིན་པར་རང་ཉིད་ཀྱི་ཁེ་ཕན་ལ་སྲུང་སྐྱོབ་བྱེད་པ་དང་། རྒྱལ་ཁབ་རང་གི་ཐོན་སྐྱེད་མཁན་དང་ཚོང་རར་འདྲ་མཉམ་མིན་པའི་གནས་ཚུལ་མི་འབྱུང་བར་སྲུང་སྐྱོབ་བྱེད་པའི་ཆེད་ཡིན་ཟེར།

ཕུའུ་ཅིན་གྱིས་ནན་གྱིས་བསྟན་དོན། ཨུ་རུ་སི་ལ་བཀག་སྡོམ་བྱེད་ཐབས་སྤྱད་པ་ལས་རྒྱལ་ཁབ་རེ་འགས་འཛམ་གླིང་ཉོ་ཚོང་རྩ་འཛུགས་ཀྱི་གཞི་རྩའི་རྩ་དོན་བསྐྱུར་བ་དང་། རྒྱལ་ཁབ་སོ་སོ་ཚོང་རྫས་ཞབས་ཞུའི་ཚོང་རར་ཞུགས་པའི་ཆ་རྐྱེན་འདྲ་མཉམ་ཡིན་པའི་རྩ་དོན་དང་འགལ་ཡོད་ལ། ཉོ་ཚོང་གི་གཟིགས་སྐྱོང་ཐོབ་ཐང་དང་འདྲ་མཉམ་རང་དབང་གིས་འགྲན་རྩོད་བྱེད་པའི་རྩ་དོན་སྣང་མེད་དུ་བསྐྱུར་བ་མཚོན་ཡོད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག