མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཧན་གོས་མའོ་ཁི་ཨར་ལ་ཞི་བདེའི་བྱ་དགའ་བྱིན།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-09-18 10:30

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧན་གོའི་ཧྲིག་ཨར་ཞི་བདེའི་བྱ་དགའི་དཔྱད་འདེམ་ཨུ་ཡོན་ལྷན་ཁང་གིས་ཚེས་བཅུ་བདུན་ཉིན་ཁྱབ་སྒྲོག་བྱས་དོན། ཧྲིག་ཨར་སྐབས་བཅུ་གཉིས་པའི་ཞི་བདེའི་བྱ་དགའ་དེ་འཇར་མན་གྱི་ཙུང་ལི་མའོ་ཁི་ཨར་ལ་བྱིན་པ་དང་། མོས་འཇར་མན་གྱི་ཚབ་བྱས་ཏེ་འཛམ་གླིང་འཁྲུག་ཆེན་གཉིས་པའི་ལོ་རྒྱུས་ཐད་ནས་ཐེངས་མང་བོར་ལྷག་བསམ་རྣམ་དག་གིས་དགོངས་དག་ཞུས་པར་གཟེངས་བསྟོད་བྱས། མའོ་ཁི་ཨར་གྱིས་ཧན་གོར་འཚམས་འདྲི་བྱེད་སྐབས་དངོས་སུ་བྱ་དགའ་ལེན་རྒྱུ་རེད། བྱ་སྤྱོད་དེ་ནི་གསར་འགྱུར་ལས་རིགས་ཀྱིས་ཧན་གོས་གོ་སྐབས་དེ་དང་བསྟུན་ནས་འཇར་པན་ལ་སྐྱོན་བརྗོད་བྱེད་བཞིན་པར་བསམ་གྱིན་ཡོད།

ཧྲིག་ཨར་ཞི་བདེའི་བྱ་དགའ་དེ1994ལོར་བཙུགས་པ་དང་། ཧན་ཁྲིན་ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་བདེ་བླག་ངང་སྤེལ་བར་རྗེས་དྲན་བྱེད་པའི་ཆེད་དུ་རེད། བྱ་དགའ་དེ་ལོ་གཉིས་ཀྱི་ནང་ཐེངས་རེར་སྤེལ་བཞིན་ཡོད་པ་དང་། ད་ལྟའི་བར་བསྡོམས་པས་མི་བཅུ་གཅིག་ལ་བྱ་དགའ་ཐོབ།

ཧན་གོའི་རིག་གནས་ཉིན་རེའི་ཚགས་པར་གྱིས་བསྒྲགས་པ་ལྟར་ན། ཧྲིག་ཨར་ཞི་བདེའི་བྱ་དགའ་ཐོབ་མཁན་མའོ་ཁི་ཨར་གྱིས་ལོ་རྒྱུས་ལ་ཡང་བསྐྱར་ངོས་འཛིན་དང་དགོངས་དག་ཞུས་ཏེ་མིའི་རིགས་ཀྱི་ལ་རྒྱ་མཚོན་པར་བྱས་ཡོད་པ་དང་། ཉིས་སྟོང་ལྔ་ལོར་མའོ་ཁི་ཨར་འཇར་མན་གྱི་བུད་མེད་ཙུང་ལི་དང་པོར་གྱུར་རྗེས། ཉིས་སྟོང་བདུན་ལོའི་ཟླ་དགུ་བར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གཏམ་བཤད་ཁྲོད་འཇར་མན་གྱིས་སྔོན་ཆད་བཟོས་པའི་ལོ་རྒྱུས་ཀྱི་ནོར་འཁྲུལ་ཐད་ནས་ཡོངས་ཁྱབ་ཏུ་དགོངས་དག་ཞུས། ཉིས་སྟོང་བརྒྱད་ལོའི་ཟླ་གསུམ་པར། ཁོ་མོས་དབྱི་སི་རལ་གྲོས་ཁང་ནས་གཏམ་བཤད་སྤེལ་སྐབས། ཡིའུ་ཐེ་བ་དམར་གསོད་བཏང་བ་ནི་འཇར་མན་མིའི་ངོ་ཚ་རེད་ཅེས་བཤད་པར་མ་ཟད། གུས་ཕྱག་ཕུལ་ནས་དབྱི་སི་རལ་མི་དམངས་ལ་དགོངས་དག་ཞུས། ཉིས་སྟོང་བཅུ་གསུམ་ལོར་ཟླ་བརྒྱད་པར། ཁོ་མོ་འཇར་མན་གྱི་ཏཱ་ཧའོ་གཅིག་བསྡུས་བཙོན་རར་སོང་ནས་ཤི་བོར་མྱ་ངན་ཞུས་པ་དང་། ཡང་བསྐྱར་བཀག་འཇུག་བྱས་པའི་མིའི་ཡ་ང་བའི་ལས་དབང་གིས་ང་ལ་སྐྱོ་སྡུག་ཆེན་པོ་བཟོས་པ་དང་ཞོར་དུ་ངོ་ཚ་ཆེན་པོ་སྐྱེས་བཞིན་ཡོད་ཅེས་དགོངས་དག་ཞུས། ཁོ་མོའི་གཏམ་བཤད་དང་བྱ་སྤྱོད་དེ་དག་ལས་ཁོ་མོས་མིའི་རིགས་ཀྱི་ལ་རྒྱ་དང་འགྲོ་མིའི་ཐོབ་ཐང་གི་གནད་དོན་ལ་མཐོང་ཆེན་བྱེད་བཞིན་པ་མངོན་པར་མཚོན་ཡོད་ཟེར།

ཧན་གོའི་དབྱེ་ཞིབ་མི་སྣས་བལྟས་ན། ཧན་གོས་མའོ་ཁི་ཨར་ལ་ཞི་བདེའི་བྱ་དགའ་བྱིན་པའི་བྱེད་ཐབས་དེས་ཞོར་དུ་འཇར་པན་ལ་ལོ་རྒྱུས་ལ་ལྟ་སྟངས་ཡང་དག་འཛིན་པ་ཅི་འདྲ་ཡིན་པ་དྲན་སྐུལ་བྱེད་བཞིན་ཡོད་པར་འདོད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག