མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཁཱ་མེ་ལུང་སུའུ་ཀི་ལན་དུ་སོང་ནས་གཏམ་བཤད་སྤེལ་ཏེ་སུའུ་ཀི་ལན་ཁ་བྲལ་དུ་འགྲོ་མི་རུང་བའི་རེ་བ་བཏོན།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-09-17 10:26

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱིན་ཇིའི་དབུ་བཞུགས་བློན་ཆེན་ཁཱ་མེ་ལུང་གིས་ཚེས་བཅོ་ལྔ་ཉིན་སུའུ་ཀི་ལན་དབྱིན་ཇི་དང་མི་འབྲལ་བར་མཇུག་མཐར་བརྩོན་ལེན་བྱས། སུའུ་ཀི་ལན་ཁ་བྲལ་དུ་འགྲོ་མི་རུང་བའི་རེ་བ་བཏོན། དབྱིན་ཇིའི་མི་སྟོང་ཕྲག་འགའ་ཡིས་ལོན་ཏོན་ནས་རང་བཙན་ལ་ངོ་རྒོལ་བྱེད་པའི་འདུ་ཚོགས་བསྡུས་ཏེ། སུའུ་ཀི་ལན་ང་ཚོར་ཁྱོད་ལ་དགའ་ཞེས་པའི་ཁ་གཡང་བསྒྲགས། ཨ་མེ་རི་ཁ་ཡང་དབྱིན་ཇིའི་ནང་ཁུལ་གྱི་ལས་དོན་དེར་ཞུགས་ཏེ། མནའ་མཐུན་གྲོགས་པོས་གཅིག་གྱུར་སྲུང་འཛིན་བྱེད་པར་རྒྱབ་སྐྱོར་བྱས།

ཁཱ་མེ་ལུང་ཉིན་དེའི་དགོང་མོར་གནམ་གྲུར་བསྡད་དེ་སུའུ་ཀི་ལན་བྱང་ཕྱོགས་ཀྱི་ཨ་པའོ་ཏེན་གྲོང་ཁྱེར་དུ་འབྱོར་བ་དང་། ས་དེའི་དབྱིན་ཇིའི་བག་འཁུམ་ཏང་གི་བརྩོན་སེམས་ཆེ་བའི་མི་ལ་གཏམ་བཤད་སྤེལ།

ཁཱ་མེ་ལུང་གིས་དཔེ་འཇོག་མང་བོ་བྱས་ཏེ་སུའུ་ཀི་ལན་གྱི་འདེམ་དམངས་ཡིད་འགུལ་ཐེབས་སུ་འཇུག་རྩིས་བྱས། ཁོས་བཤད་རྒྱུར། ཟླ་འཁོར་འདིའི་ནང་དབྱིན་ཇི་རྩ་བ་ནས་འགྱུར་སྲིད། སུའུ་ཀི་ལན་རང་བཙན་བྱེད་པ་དེ་བཟའ་ཚང་ཞིག་ལ་མཚོན་ན་བཟའ་འཁོན་ཙམ་མ་ཡིན་ལ། གཉེན་ཐོར་ཡིན་པས། དབྱིན་ཇིའི་མི་རིགས་ཀྱི་ཁྱིམ་གཞིའི་ཆེན་མོ་འདི་དང་ཁ་འབྲལ་མི་རུང་བའི་རེ་བ་བཏོན། ཁོས་སུའུ་ཀི་ལན་གྱི་དབྱིན་ཇིའི་གལ་ཆེན་རང་བཞིན་ནན་བཤད་བྱས།

སྲིད་དབང་བཟུང་མེད་པའི་ཏང་བཟོ་བའི་ཏང་གི་གཙོ་འཛིན་མུས་ལེ་པན་ཏི་ཡིས་ཚེས་བཅུ་དྲུག་ཉིན་གཏམ་བཤད་སྤེལ་ཏེ་སུའུ་ཀི་ལན་དབྱིན་ཇི་ནས་འདུག་དགོས་པའི་འབོད་སྐུལ་བཏང་།

མིག་སྔའི་བར་དམངས་ཀྱི་འདོད་བློར་རྟོག་ཞིབ་བྱེད་པའི་ལས་ཁུངས་འགས་ཁྱབ་སྒྲོག་བྱས་པའི་མཇུག་འབྲས་གསར་བ་ལྟར་ན། དམངས་ཡོངས་ཀྱིས་བརྡས་ཐག་གཅོད་པའི་མཇུག་མཐའི་མཇུག་འབྲས་སྔར་བཞིན་ཚོད་དཔག་བྱེད་དཀའ་ལ་ཕྱོགས་གཉིས་ཀྱི་འདེམ་ཤོག་གི་ཐོབ་ཚད་ཕལ་ཆེར་འདྲ་མཚུངས་ཡིན་རྒྱུ་རེད་ཟེར། དབྱིན་ཇིའི་དུས་ཡུན་རིང་བོའི་མནའ་མཐུན་གྲོགས་པོ་ཡིན་པའི་ཆ་ནས། ཨ་མེ་རི་ཁའི་སྲིད་གཞུང་གིས་ཚེས་བཅོ་ལྔ་ཉིན་འགྲིག་མཐུན་ཡོང་བར་སྐུལ་མ་གཏོང་རྩིས་བྱས་ཏེ། དབྱིན་ཇིའི་སྲིད་གཞུང་གིས་སུའུ་ཀི་ལན་དབྱིན་ཇི་དང་མི་འབྲལ་བར་རོགས་རམ་བྱས།

ནུབ་ཀྱི་རྒྱ་མཚོའི་སྤྱི་ཆིངས་རྩ་འཛུགས་ཀྱི་དྲུང་ཡིག་ཆེན་མོ་ལཱ་སི་མུའུ་སིན་གྱིས་ཉིན་དེར་བཤད་རྒྱུར། དམངས་ཡོངས་ཀྱིས་བརྡས་ཐག་བཅད་ན་དབྱིན་ཇི་དང་བྱང་ཆིངས་རྩ་འཛུགས་ཀྱི་འབྲེལ་བ་གནོད་མི་སྲིད་ཀྱང་། གལ་ཏེ་སུའུ་ཀི་ལན་རང་བཙན་བྱས་ཤིང་བྱང་ཆིངས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་ཏུ་འགྱུར་རྩིས་ཡོད་ན། ཡང་བསྐྱར་རེ་ཞུ་མི་བྱེད་ཐབས་མེད་ཡིན་ཟེར།

ཡོ་རོབ་གླིང་མནའ་འབྲེལ་གྱིས་དེའི་སྔོན་བཤད་རྒྱུར། གལ་ཏེ་སུའུ་ཀི་ལན་རང་བཙན་བྱས་ན། ཡང་བསྐྱར་ཡོ་རོབ་གླིང་མནའ་འབྲེལ་ནང་ཞུགས་པའི་རེ་ཞུ་བྱེད་དགོས་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག