མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཝུའུ་ཁི་ལན་གྲོས་ཁང་གིས་ཤར་ཕྱོགས་ས་ཁུལ་གྱི་ས་ཁུལ་རེ་འགའི་དམིགས་བསལ་གོ་གནས་ཀྱི་བཅའ་ཁྲིམས་ལ་གྲོས་མཐུན་བཀོད།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-09-17 10:25

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཝུའུ་ཁི་ལན་གྲོས་ཁང་གིས་ཚེས་བཅུ་དྲུག་ཉིན་ཏོན་ནེ་ཚི་ཁི་ཀྲིག་དང་ལུའུ་ཀན་སི་ཁི་ཀྲིག་གི་ས་ཁུལ་རེ་འགར་ས་གནས་རང་སྐྱོང་ལག་བསྟར་བྱེད་པའི་གནས་སྐབས་ཀྱི་ལམ་ལུགས་བཅའ་ཁྲིམས་ལ་བརྡས་ཐག་བཅད་དེ་གྲོས་འཆམ་བྱུང་།

བསྒྲགས་པའི་གནས་ཚུལ་ལྟར་ན། དམིགས་བསལ་གོ་གནས་ཀྱི་བཅའ་ཁྲིམས་དེའི་ནུས་ལྡན་ཡུན་ཚད་ལོ་གསུམ་ཡིན། དེའི་གཏན་འཁེལ་ལྟར་ན། ད་ལོའི་ཟླ་བཅུ་གཉིས་པའི་ཚེས་བདུན་ཉིན་བཅའ་ཁྲིམས་དེ་ལག་བསྟར་བྱེད་པའི་ས་ཁུལ་ནས་རྒྱུན་ལྡན་མིན་པའི་ས་གནས་གྲོས་ཁང་གི་འདེམ་བསྐོའི་བྱ་འགུལ་སྤེལ་དགོས་པ་དང་། ས་གནས་རང་སྐྱོང་ལས་ཁུངས་དེ་ས་གནས་ཞིབ་དཔྱོད་ཁང་དང་ཁྲིམས་ཁང་གི་མགོ་ཁྲིད་པའི་བསྐོ་འཇོག་ལ་ཞུགས་ཆོག་པ། ཀྲུང་དབྱང་སྲིད་གཞུང་དང་ཀྲུང་དབྱང་གི་དབང་ཤུགས་ལག་བསྟར་བྱེད་པའི་ལས་ཁུངས་གཞན་པས་དགོས་ངེས་ཀྱི་ས་གནས་རང་སྐྱོང་ལས་ཁུངས་བར་ས་གནས་ཀྱི་དཔལ་འབྱོར་དང་། སྤྱི་ཚོགས། རིག་གནས་བཅས་འཕེལ་རྒྱས་སུ་གཏོང་བའི་གྲོས་མཐུན་བཀོད་ཆོག་པ། རྒྱལ་ཁབ་ཀྱིས་ས་ཁུལ་རེ་འགའི་སྤྱི་ཚོགས་དང་དཔལ་འབྱོར་འཕེལ་རྒྱས་ཐད་ལོ་རེ་བཞིན་སྔོན་རྩིས་ཀྱིས་རྒྱབ་སྐྱོར་བྱེད་པ། རྒྱལ་ཁབ་ཀྱིས་སྤྱི་ཚོགས་འཚོ་བ་དང་མི་སྒེར་གྱི་འཚོ་བའི་ཁྲོད་ཨུ་རུ་སིའི་སྐད་དང་ཡང་ན་སྐད་རིགས་གཞན་པ་བེད་སྤྱོད་བྱེད་པའི་དབང་ཆར་འགན་སྲུང་བྱེད་པ། ས་གནས་སྲིད་གཞུང་གིས་མི་དམངས་ཉེན་རྟོག་དམག་དཔུང་རྩ་འཛུགས་བྱས་ཏེ། ས་ཁུལ་རེ་འགའི་རང་སྐྱོང་ལས་ཁུངས་ཀྱིས་ཨུ་རུ་སིའི་རྒྱལ་ཕྲན་མཉམ་འབྲེལ་སྲིད་འཛིན་ས་ཁུལ་གྱི་ལས་ཁུངས་བར་གྱི་འགྲིག་མཐུན་འབྲེལ་བར་ཤུགས་སྣོན་བྱས་ཆོག་པ་རེད།

ཝུའུ་ཁི་ལན་གྲོས་ཁང་གིས་ཉིན་དེར་ད་རུང་དམིགས་བསལ་གོ་གནས་ཀྱི་བཅའ་ཁྲིམས་དང་འབྲེལ་བའི་ཏོན་ནེ་ཚི་ཁི་ཀྲིག་དང་ལུའུ་ཀན་སི་ཁི་ཀྲིག་གི་དོན་རྐྱེན་ལ་ཞུགས་མཁན་ལ་ཆད་གཅོད་བྱེད་མི་རུང་བའི་བཅའ་ཁྲིམས་ལ་བརྡས་ཐག་བཅད་དེ་གྲོས་འཆམ་བྱུང་།

ཝུའུ་ཁི་ལན་ཤར་ཕྱོགས་ཀྱི་ཏོན་ནེ་ཚི་ཁི་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ལི་གཞོན་པ་དང་པོ་ཕུའུ་ཨར་ཅིན་གྱིས་ཉིན་དེར་བཤད་རྒྱུར། ཝུའུ་ཁི་ལན་གྲོས་ཁང་གིས་དམིགས་བསལ་གོ་གནས་ཀྱི་བཅའ་ཁྲིམས་ལ་ཆོག་མཆན་བཀོད་པ་དེ་ནི་ཤར་ཕྱོགས་ཀྱི་སྤྱི་མཐུན་རྒྱལ་ཁབ་གཉིས་དང་ཝུའུ་ཁི་ལན་བར་ཆབ་སྲིད་ཀྱི་མནའ་མཐུན་གང་རུང་ཞིག་བཙུགས་པ་མིན་ལ། ཝུའུ་ཁི་ལན་དང་མཉམ་དུ་རྒྱལ་ཕྲན་མཉམ་འབྲེལ་གྱི་ལམ་ལུགས་ལག་བསྟར་བྱས་པ་དེ་བས་ཀྱང་མིན་ཟེར། ཁོས་ད་རུང་བཤད་རྒྱུར། ཏོན་ནེ་ཚི་ཁི་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་ཁྱབ་ཁོངས་རང་བཞིན་གྱི་བཅའ་ཁྲིམས་དེར་ཞིབ་འཇུག་ནན་མོ་བྱས་ཏེ། རྗེས་ཕྱོགས་གྲོས་བསྡུར་བྱེད་པ་དང་གནད་དོན་གཙོ་བོ་ཐག་གཅོད་བྱེད་པར་ཐུན་མོང་གི་ལྟ་ཚུལ་འཚོལ་ཞིབ་བྱེད་རྒྱུ་ཡིན་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག