མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་གྲོས་ཁང་མནའ་འབྲེལ་གྱི་ཚོགས་ཆེན་སྐབས་སོ་གསུམ་པ་ལའོ་ཝའོ་ཝན་ཞང་ནས་ཚོགས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-09-17 10:25

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་གྲོས་ཁང་མནའ་འབྲེལ་གྱི་ཚོགས་ཆེན་སྐབས་སོ་གསུམ་པ་ཚེས་བཅུ་དྲུག་ཉིན་ལའོ་ཝའོ་རྒྱལ་ཁབ་ཀྱི་རྒྱལ་ས་ཝན་ཞང་ནས་ཚོགས་པ་དང་། ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་གྲོས་ཁང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་སོ་སོའི་གྲོས་དཔོན་དང་འཐུས་མི་ཚོགས་འདུ་ལ་ཞུགས།

ལའོ་ཝའོ་རྒྱལ་ཚོགས་ཀྱི་ཀྲུའུ་ཞི་པཱ་ནེ་ཡིས་ཚོགས་མགོ་རྩོམ་པའི་མཛད་སྒོའི་སྟེང་ཞུ་ཚིག་ཕུལ་ཏེ། ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་ཐུན་མོང་ཚོགས་པ་ཉིས་སྟོང་བཅོ་ལྔ་ལོར་དངོས་སུ་འཛུགས་རྒྱུ་ཡིན་པ་དང་། ཐེངས་འདིའི་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་གྲོས་ཁང་མནའ་འབྲེལ་གྱི་ཚོགས་ཆེན་གྱིས་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་རྒྱལ་ཁབ་དག་གིས་སང་ལོར་དམིགས་འབེན་དེ་མངོན་འགྱུར་བྱེད་པར་དོན་སྙིང་ལྡན་པའི་གླེང་སྟེགས་གལ་ཆེན་ཞིག་འདོན་སྤྲོད་བྱེད་དགོས་ལ། ཐེངས་འདིའི་གྲོས་ཚོགས་དེ་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གཞི་གཅིག་ཅན་གྱི་ལོ་རྒྱུས་ལམ་ཚད་རྡོ་རིང་ཞིག་ཏུ་འགྱུར་བར་རེ་བ་བྱས་ཡོད་ཟེར།

པཱ་ནེ་ཡིས་བཤད་རྒྱུར། ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་རྒྱལ་ཁབ་ཁྲིམས་འཛུགས་ལས་ཁུངས་ཀྱིས་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་རྒྱལ་ཁབ་སོ་སོའི་དཔལ་འབྱོར་མཉམ་ལས་དང་། ཁྱབ་ཁོངས་སོ་སོའི་འབྲེལ་འདྲིས། རྒྱུན་མཐུད་འཕེལ་རྒྱས་བཅས་ཀྱི་ཐད་ཁྲིམས་ལུགས་ཀྱི་འགན་སྲུང་འདོན་སྤྲོད་བྱས་ཤིང་། ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་གཞི་གཅིག་ཅན་གྱི་བཅའ་ཁྲིམས་དང་། ཁྲིམས་སྲོལ་ལ་ཞིབ་བཤེར་དང་བཟོ་བཅོས་ནན་མོ་བྱས་ཏེ། རྒྱལ་ཁབ་ཀྱི་སྒྲིག་ལུགས་བཅོས་བསྒྱུར་བྱེད་པ་དང་། ཕན་འབྲས་ཇེ་མཐོར་བཏང་ནས་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་ཐུན་མོང་ཚོགས་པའི་འཛུགས་སྐྲུན་གོམ་སྟབས་ཇེ་མགྱོགས་སུ་གཏོང་དགོས་ཟེར།

པཱ་ནེ་ཡིས་བསྟན་དོན། ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་གཞི་གཅིག་ཅན་འཛུགས་སྐྲུན་བྱེད་པའི་གནད་འགག་གི་སྐབས་སུ། ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་དག་གིས་རེ་འདུན་གཅིག་དང་ཐོབ་ཐང་གཅིག ཐུན་མོང་ཚོགས་པ་གཅིག་བཅས་ཀྱི་འདུ་ཤེས་རྒྱུན་འཁྱོངས་བྱས་ཤིང་། འབྲེལ་འདྲིས་དང་བརྗེ་རེས་ལ་ཤུགས་སྣོན་བྱས་ཏེ། ས་ཁུལ་གྱི་ཞི་བདེ་བརྟན་འཇགས་དང་། དར་རྒྱས། རྒྱུན་མཐུད་འཕེལ་རྒྱས་བཅས་ལ་མཉམ་དུ་སྲུང་སྐྱོབ་བྱས་ནས། ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱིས་ཆབ་སྲིད་འཆམ་མཐུན་དང་། དཔལ་འབྱོར་མཉམ་ལས་ཟབ་པ། སྤྱི་ཚོགས་ཀྱི་འགན་འཁྲི་ལྡན་པའི་ཐུན་མོང་ཚོགས་པ་ཞིག་འཛུགས་དགོས་ཟེར།

ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་གྲོས་ཁང་མནའ་འབྲེལ་དེ་ཧིན་རྡུ་ཉི་ཞི་ཡཱ་དང་། མཱ་ལེ་ཞི་ཡཱ། ཧྥེ་ལེ་པེན། ཐེ་གོ། སིང་ག་ཕོར་སོགས་ཨེ་ཤ་ཡཱ་ཤར་ལྷོའི་རྒྱལ་ཁབ་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་ལྔས་གཅིག་སྟོང་དགུ་བརྒྱ་དོན་བདུན་ལོར་གསར་འཛུགས་བྱས་པ་རེད། ཕྱི་ལོར་སིང་ག་ཕོར་རྒྱལ་ཁབ་ནས་གྲོས་ཚོགས་སྐབས་དང་པོ་བསྡུས། དེའི་རྗེས་སུ་ཡོ་ནན་དང་། ལའོ་ཝའོ། ཁམ་ཕུ་ཀྲེ། ཝུན་ལེ། འབར་མ་སོགས་སྔ་གཞུག་ཏུ་མནའ་འབྲེལ་དེར་ཞུགས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག