མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨ་མེ་རི་ཁ་དང་དབྱིན་ཇི། ཨོ་སི་ཁྲུ་ལི་ཡཱ་བཅས་ཀྱིས་ཐལ་སྤྱོད་རྩ་འཛུགས་ལ་ཆམ་ཕབ་གཏོང་བའི་ཤུགས་ཚད་ཇེ་ཆེར་གཏོང་རྒྱུ་རེད།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-09-15 10:41

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ཁི་ལེ་དབུས་ཤར་ས་ཁུལ་དུ་སོང་ནས་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་མནའ་འབྲེལ་འཛུགས་པའི་གནས་ཚུལ་གླེང་བའི་སྐབས་སུ། ཐལ་སྤྱོད་རྩ་འཛུགས་དབྱི་སི་ལན་རྒྱལ་ཁབ་ཀྱིས་ཡང་བསྐྱར་ཡ་ང་བའི་བྱ་སྤྱོད་སྤེལ། ཟླ་དགུ་བའི་ཚེས་བཅུ་གསུམ་ཉིན་དབྱིན་ཇིའི་མི་གཏའ་ཧེ་ཨིན་སི་དམར་གསོད་གཏོང་བའི་བརྙན་རིས་ཁྱབ་སྒྲོག་བྱས་པ་དང་། དེ་ནི་དབྱིན་ཇིའི་དབུ་བཞུགས་བློན་ཆེན་ཁཱ་མེ་ལོང་གིས་ཨ་མེ་རི་ཁ་དང་མཉམ་འབྲེལ་བྱས་ཏེ་འཐབ་མཆོག་ཉེས་ཅན་ལ་ཆམ་ཕབ་བཏང་བར་འཁོན་ལན་སློག་པའི་ཆེད་དུ་ཡིན་པ་ནན་བཤད་བྱས།

དབྱིན་ཇིའི་ཕྱི་འབྲེལ་པུའུ་ཡིས་ཚེས་བཅུ་བཞི་ཉིན་བཤད་རྒྱུར། སྣང་ཚུལ་སྣ་ཚོགས་ལས་བརྙན་རིས་དེ་དོན་དངོས་རེད་ཟེར། རྒྱུས་ལོན་བྱུང་བ་ལྟར་ན། དམར་གསོད་བཏང་བ་ནི་ལོ་ཞེ་བཞི་ཡིན་པའི་དབྱིན་ཇིའི་ཕྱི་རོགས་བཟོ་བ་ཧེ་ཨིན་སི་ཡིན་པ་དང་། སུའུ་ཀི་ལན་པའོ་སི་རྫོང་གི་ཡིན། ཉིས་སྟོང་བཅུ་གསུམ་ལོའི་ཟླ་གསུམ་པར། ཁོས་སི་རི་ཡཱ་ནས་ཧྥ་རན་སིའི་རྒུད་སྐྱོབ་རྩ་འཛུགས་ཤིག་ལ་བྱ་བ་སྒྲུབ་སྐབས་བཙན་ཁྲིད་བྱས་པ་རེད།

བསྒྲགས་པའི་གནས་ཚུལ་ལྟར་ན། ཧེ་ཨིན་སི་དམར་གསོད་བཏང་བ་ནི་ཨ་མེ་རི་ཁས་འཇིགས་སྐུལ་ལ་ངོ་རྒོལ་བྱས་པའི་མཇུག་འབྲས་ཡིན་པ་དང་། ཐལ་སྤྱོད་ཉེས་ཅན་གྱིས་ད་རུང་དབྱིན་ཇི་ལ་བརྡ་བཏང་སྟེ། མྱུར་དུ་ཨ་མེ་རི་ཁའི་འཇིགས་སྐུལ་ངོ་རྒོལ་འགུལ་སྐྱོད་ལ་རྒྱབ་སྐྱོར་བྱེད་མཚམས་མ་བཞག་ན། དབྱིན་ཇིའི་མི་གཏའ་སྔར་ལས་མང་བོ་གསོད་རྒྱུ་ཡིན་ཟེར། གཞན་ཡང་བསྒྲགས་པའི་གནས་ཚུལ་ལྟར་ན། ཧེ་ཨིན་སི་དམར་གསོད་མ་བཏང་གོང་། དབྱིན་ཇིའི་དམིགས་བསལ་དམག་དཔུང་གི་དམག་མི་བརྒྱ་ལྷག་དང་དམག་བཀོལ་གནམ་གྲུ་འགས་སེ་ཕུའུ་ལུའུ་སི་ནས་བཀའ་ལ་སྒུག་ཡོད་པ་དང་། མྱུར་སྐྱོབ་འགུལ་སྐྱོད་ལ་ཞུགས་རྩིས་ཡོད་ཀྱང་། དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱིས་དབྱིན་ཇིས་རྒུད་སྐྱོབ་མ་བྱས་གོང་ཧེ་ཨིན་སི་ལ་ལག་འགུལ་བ་རེད།

ཐལ་སྤྱོད་རྩ་འཛུགས་ཀྱིས་ཡང་བསྐྱར་མི་གཏའ་དམར་གསོད་བཏང་བ་ལ་རྒྱལ་སྤྱིའི་སྤྱི་ཚོགས་ཧ་ལས་སུ་བཅུག ཁཱ་མེ་ལུང་གིས་གང་ནུས་ཀྱིས་ལག་དམར་ཁྲིམས་ལ་སྦྱོར་རྒྱུ་ཁས་ལེན་བྱས། ཨ་མེ་རི་ཁའི་ཙུང་ཐུང་ཨོ་པཱ་མཱ་ཡིས་ཀྱང་གསལ་སྒྲོག་སྤེལ་ཏེ། དབྱིན་ཇི་དང་མཉམ་དུ་ལག་དམར་རྩད་གཅོད་བྱེད་རྒྱུ་ཡིན་པ་ནན་བཤད་བྱས།

ཨོ་སི་ཁྲུ་ལི་ཡཱའི་ཙུང་ལི་ཨ་པའོ་ཐི་ཡིས་ཚེས་བཅུ་བཞི་ཉིན་ཁྱབ་སྒྲོག་བྱས་དོན། ཨོ་སི་ཁྲུ་ལི་ཡཱ་ཡིས་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཏུ་དམག་དཔུང་དང་དམག་བཀོལ་གནམ་གྲུ་བཀོད་སྒྲིག་བྱེད་རྒྱུ་ཡིན་པ་དང་། ཨ་མེ་རི་ཁས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་ཆམ་ཕབ་གཏོང་བའི་འགུལ་སྐྱོད་ལ་རོགས་འདེགས་བྱེད་རྒྱུ་ཡིན་ཟེར། ཨ་པའོ་ཐི་ཡིས་བསྟན་དོན། ཐེངས་འདིར་མཁའ་དམག་བཞི་བརྒྱ་དང་སྐམ་དམག་ཉིས་བརྒྱ། འཐབ་འཛིང་གནམ་གྲུ་བརྒྱད། ཉེན་ཁའི་བརྡ་གཏོང་གནམ་གྲུ་གཅིག སྣུམ་སྣོན་གནམ་གྲུ་གཅིག དེ་མིན་དམིགས་བསལ་དམག་དཔུང་སྐོར་ཞིག་མངག་གཏོང་བྱེད་རྒྱུ་ཡིན་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག