མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཝུའུ་ཁི་ལན་གྱི་རྒྱལ་སྲུང་བློན་ཆེན་གྱིས་ཝུའུ་ཁི་ལན་གྱིས་རྒྱལ་ཁབ་གཞན་པའི་མཚོན་ཆ་དང་ལེན་བྱེད་བཞིན་ཡོད་པར་བཤད།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-09-15 10:40

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས་བཅུ་བཞི་ཉིན་ཝུའུ་ཁི་ལན་གྱི་རྒྱལ་སྲུང་བློན་ཆེན་ཀི་ལེ་ཅེ་དབྱེ་ཡིས་ཕྱི་ཕྱོགས་ལ་ཁྱབ་སྒྲོག་བྱས་དོན། བྱང་ཆིངས་རྩ་འཛུགས་ཀྱི་མཐོ་རིམ་གྲོས་ཚོགས་སྐབས་སུ་ཝུའུ་ཁི་ལན་དང་རྒྱལ་ཁབ་གཞན་པའི་བར་གྲོས་མཐུན་བཀོད་པ་ལྟར། ཝུའུ་ཁི་ལན་གྱིས་རྒྱལ་ཁབ་གཞན་པའི་མཚོན་ཆ་དང་ལེན་བྱེད་མགོ་བརྩམས་ཡོད་ཟེར།

བསྒྲགས་པའི་གནས་ཚུལ་ལྟར་ན། ཀི་ལེ་ཅེ་དབྱེ་ཡིས་ཉིན་དེར་བསྡུས་པའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་ཁྱབ་སྒྲོག་བྱས་དོན། རང་ཉིད་ལ་ཝུའུ་ཁི་ལན་ལ་མཚོན་ཆ་འདོན་སྤྲོད་བྱས་པའི་རྒྱལ་ཁབ་གང་དག་ཡིན་པ་གསལ་བོར་བཤད་པའི་དབང་ཆ་མེད་ཟེར་ཡང་། ཁོས་མཚོན་ཆ་དག་ཝུའུ་ཁི་ལན་ལ་སྐྱེལ་བཞིན་པའི་དོན་དེ་བདེན་པ་ཡིན་པ་ཁས་ལེན་བྱས།

ཀི་ལེ་ཅེ་དབྱེ་ཡིས་ཉིན་དེར་ཝུའུ་ཁི་ལན་གྱིས་མཚོན་ཆ་དང་ལེན་བྱས་པའི་མཚོན་ཆའི་རིགས་བྱེ་བྲག་ཏུ་མ་བཤད་ཀྱང་། ཁོས་མཚོན་ཆ་དེ་དག་ནི་ཝུའུ་ཁི་ལན་ལ་ད་ལྟ་མཁོ་གལ་ཆེ་བ་ཏག་ཏག་རེད་ཟེར། མཚོན་ཆ་དེ་དག་བཀོལ་ནས། ཝུའུ་ཁི་ལན་སྲིད་གཞུང་དམག་དཔུང་གིས་དམངས་ཁྲོད་དྲག་ཆས་པའི་མཚོན་ཆ་གར་ཡོད་ལ་འཚོལ་ཞིབ་བྱས་ཏེ་ཆམ་ཕབ་བཏང་ཆོག་ཟེར།

ཟླ་འདིའི་ཅུང་སྔ་བའི་དུས་སུ། ཝུའུ་ཁི་ལན་གྱི་ཙུང་ཐུང་པའོ་ལོ་ཧྲིན་ཁི་དབྱིན་ཇི་ནས་བསྡུས་པའི་བྱང་ཆིངས་རྩ་འཛུགས་ཀྱི་མཐོ་རིམ་གྲོས་ཚོགས་ལ་ཞུགས་པ་དང་། དེའི་སྐབས་སུ་བྱང་ཆིངས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་ཉེར་བརྒྱད་ཀྱི་སྲིད་གཞུང་གི་མགོ་གཙོ་དང་གྲོགས་པོའི་རྒྱལ་ཁབ་ཀྱི་འཐུས་མི་མཐོ་རིམ་གྲོས་ཚོགས་ལ་ཞུགས། དེའི་རྗེས་སུ་ཝུའུ་ཁི་ལན་དཔོན་ཕྱོགས་ཀྱིས་གསལ་སྒྲོག་སྤེལ་ཏེ། མཐོ་རིམ་གྲོས་ཚོགས་སྐབས་སུ་ཨ་མེ་རི་ཁ་དང་ཧྥ་རན་སི། ཕོ་ལན། ནོར་ཝེ། དབྱི་ཐཱ་ལེ་སོགས་རྒྱལ་ཁབ་ཀྱིས་ཝུའུ་ཁི་ལན་ལ་མཚོན་ཆ་འདོན་སྤྲོད་བྱེད་རྒྱུ་ཁས་ལེན་བྱས་ཡོད་ཟེར། ཡིན་ཡང་དེའི་རྗེས་སུ་རྒྱལ་ཁབ་དེ་དག་གིས་དོན་དེ་ཁས་ལེན་མ་བྱས། ཨུ་རུ་སིའི་ཐཱ་སི་གསར་འགྱུར་ཁང་གིས་བསྒྲགས་པ་ལྟར་ན། བྱང་ཆིངས་རྩ་འཛུགས་ཀྱི་དྲུང་ཡིག་ཆེན་མོ་ལཱ་སི་མུའུ་སིན་གྱིས་ཉེ་སྔོན་བསྟན་དོན། བྱང་ཆིངས་རྩ་འཛུགས་ཀྱིས་ཝུའུ་ཁི་ལན་ལ་མཚོན་ཆ་དང་དམག་དོན་སྒྲིག་ཆས་འདོན་སྤྲོད་བྱེད་མི་སྲིད་ལ། ཁོངས་གཏོགས་རྒྱལ་ཁབ་ཀྱིས་ཝུའུ་ཁི་ལན་ལ་མཚོན་ཆ་འདོན་སྤྲོད་བྱེད་པར་ཡང་ཐེ་གཏོགས་བྱེད་མི་སྲིད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག