མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨེ་ཅིབ་ཀྱིས་ཨ་མེ་རི་ཁ་དང་མཉམ་ལས་བྱས་ཏེ་འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་འདོད་ཡོད་པའི་ཚུལ་བསྟན།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-09-14 11:15

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་དང་ཨེ་ཅིབ་ཀྱི་ཕྱི་འབྲེལ་བློན་ཆེན་ཧྲུའུ་ཁའེ་ལི་གཉིས་ཀྱིས་ཚེས་བཅུ་གསུམ་ཉིན་ཨེ་ཅིབ་ཀྱི་རྒྱལ་ས་ཁའེ་རོ་ནས་བསྟན་དོན། ཕྱོགས་གཉིས་ཀྱིས་འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་བའི་ཐད་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱུ་ཡིན་ཟེར།

ཧྲུའུ་ཁའེ་ལི་ཡིས་མཉམ་འབྲེལ་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བསྟན་དོན། ཨེ་ཅིབ་ཀྱིས་ཨ་མེ་རི་ཁས་དབྱི་སི་ལན་རྒྱལ་ཁབ་སོགས་ཐལ་སྤྱོད་རྩ་འཛུགས་ལ་ཆམ་ཕབ་གཏོང་བའི་འགུལ་སྐྱོད་ལ་རྒྱབ་སྐྱོར་བྱེད་རྒྱུ་ཡིན་པར་མ་ཟད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མཉམ་དུ་འབད་བརྩོན་བྱས་ཏེ། འཇིགས་སྐུལ་རིང་ལུགས་རྒྱ་ཡན་དུ་འགྲོ་བར་བཀག་འགོག་བྱེད་དགོས་པའི་འབོད་སྐུལ་བཏང་བ་ཡིན་ཟེར། ཁོས་བཤད་རྒྱུར། འཇིགས་སྐུལ་རྩ་འཛུགས་ཚང་མར་གཅིག་མཐུན་གྱི་ཐལ་སྤྱོད་འདུ་ཤེས་ཡོད་པ་དང་། འཛམ་གླིང་ཡོངས་ཀྱི་རྒྱལ་ཁབ་སོ་སོས་མཉམ་ལས་བྱས་ཏེ། རང་ནུས་གང་ཡོད་ཀྱིས་འདུ་ཤེས་རྣམ་པ་དེ་རིགས་མེད་པར་བཟོས་ན། ད་གཟོད་འཇིགས་སྐུལ་རིང་ལུགས་ལ་ཕན་ནུས་ལྡན་པའི་སྒོ་ནས་ཚོད་འཛིན་བྱེད་ཐུབ་ཟེར།

ཁི་ལེ་ཡིས་ཉིན་དེར་ཨེ་ཅིབ་ཏུ་འཚམས་འདྲི་བྱེད་སྐབས་སྔ་གཞུག་ཏུ་ཨེ་ཅིབ་ཀྱི་ཙུང་ཐུང་སེ་ཞི་དང་ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱི་དྲུང་ཡིག་ཆེན་མོ་ཨ་ལཱ་པུས་གཉིས་ལ་ཐུག་འཕྲད་བྱས། ཁོས་བཤད་རྒྱུར། སེ་ཞི་དང་ཨ་ལཱ་པུས་གཉིས་ཀྱིས་བལྟས་ན་འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་བའི་ཤུགས་ཚད་ཇེ་ཆེར་གཏོང་དགོས་པར་འདོད། ཁི་ལེ་ཡིས་ད་རུང་སེ་ཞི་དང་མཉམ་དུ་ཨ་མེ་རི་ཁ་དང་ཨེ་ཅིབ་རྒྱལ་ཁབ་གཉིས་ཀྱིས་འཇིགས་སྐུལ་རིང་ལུགས་ལ་ངོ་རྒོལ་བྱེད་པའི་འགུལ་སྐྱོད་ཁྲོད་ཇི་ལྟར་ལས་བགོ་བྱེད་པའི་ཐད་གྲོས་བསྡུར་བྱས། སེ་ཞི་ཡིས་དབྱི་རག་གིས་བཟོད་སྒོམ་རང་བཞིན་གྱི་སྲིད་གཞུང་འཛུགས་པར་རྒྱབ་སྐྱོར་བྱེད་པའི་ཚུལ་བསྟན།

ཨ་མེ་རི་ཁ་དང་སོ་ཏི་ཨ་རབ། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ། ཨེ་ཅིབ། ཅོར་ཏན་སོགས་ཨ་རབ་རྒྱལ་ཁབ་བཅུ་ཡིས་ཚེས་བཅུ་གཅིག་ཉིན་སོ་ཏི་ཨ་རབ་ཀྱི་ཅི་ཏཱ་གྲོང་ཁྱེར་ནས་གྲོས་ཚོགས་བསྡུས་པ་དང་། གྲོས་ཚོགས་གྲོལ་རྗེས་ཕྱོགས་སོ་སོས་མཐུན་སྒྲིལ་བྱས་ཏེ། མཉམ་དུ་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་དང་བཅས་པའི་འཇིགས་སྐུལ་རྩ་འཛུགས་ཡོད་ཚད་ལ་ཆམ་ཕབ་གཏོང་བ་དང་། རིམ་པ་སོ་སོ་འདུས་པའི་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་ངོ་རྒོལ་བྱེད་པའི་མནའ་འབྲེལ་འཛུགས་པར་འཐད་པ་བྱུང་།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག