ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཡོ་རོབ་གླིང་བྱང་མ་ས་ཁུལ་གྱི་ཆེས་ཆེ་བའི་ཕྱི་ཕྱོགས་སྲིད་ཇུས་དང་བདེ་འཇགས་གླེང་སྟེགས་ཏེ་ཉིས་སྟོང་བཅུ་བཞི་ལོའི་ལི་ཅཱའི་གྲོས་ཚོགས་དེ་ཚེས་བཅུ་གསུམ་ཉིན་ལཱ་ཐའོ་ཝེ་ཡཱའི་རྒྱལ་ས་ལི་ཅཱ་ནས་གྲོལ། གྲོས་ཚོགས་ནས་ཝུའུ་ཁི་ལན་གྱི་གནས་བབ་དང་བཅས་པའི་རྒྱལ་སྤྱིའི་གནད་དོན་གཙོ་བོར་གྲོས་བསྡུར་བྱས།
འཛམ་གླིང་ཡོངས་ཀྱི་རྒྱལ་ཁབ་སོ་ལྔ་ནས་ཡོང་བའི་སྲིད་གཞུང་གི་དཔོན་རིགས་དང་། ཆབ་སྲིད་པ། ཕྱི་འབྲེལ་དཔོན་པོ། མཁས་པ། གསར་འགྱུར་སྨྱན་བྱད་ཀྱི་འཐུས་མི། ཁེ་ལས་པ་སོགས་མི་བཞི་བརྒྱ་དང་ཉི་ཤུ་ཚོགས་ཡུན་ཉིན་གཉིས་ཡིན་པའི་གྲོས་ཚོགས་ལ་ཞུགས། དཔལ་འབྱོར་མཉམ་ལས་དང་འཕེལ་རྒྱས་རྩ་འཛུགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ལི་ཡཱ་གྲོས་ཚོགས་ལ་ཞུགས།
ཐེངས་འདིའི་གྲོས་ཚོགས་ཀྱི་གྲོས་གཞི་གཙོ་བོ་ནི་ཝུའུ་ཁི་ལན་གྱི་གནས་བབ་ཡིན་ཞིང་། ཨ་མེ་རི་ཁ་དང་ཡོ་རོབ་གླིང་གིས་ཨུ་རུ་སི་ལ་བཀག་སྡོམ་བྱས་པ་ལས་བྱུང་བའི་དཔལ་འབྱོར་དང་དངུལ་ལོར་གྱི་མཇུག་འབྲས་དང་། དེང་སྐབས་ཀྱི་སྒྲིག་ལམ་ལ་འབྱུང་སྲིད་པའི་བཅོས་བསྒྱུར་སོགས་ལ་དམིགས་ཏེ། ཉིས་སྟོང་བཅོ་ལྔ་ལོར་ཡོ་རོབ་གླིང་མནའ་འབྲེལ་གྱི་ཤར་ཕྱོགས་གྲོགས་པོའི་འབྲེལ་བའི་ལི་ཅཱ་མཐོ་རིམ་གྲོས་ཚོགས་བསྡུས་ནས་ཡོ་རོབ་གླིང་ནུས་ཁུངས་ཚོང་རར་གནས་པའི་གནད་དོན་དང་། ཡོ་རོབ་གླིང་མནའ་འབྲེལ་གྱི་ཆབ་སྲིད་ཁྲོད་ཀྱི་མི་རིགས་རིང་ལུགས་དང་འཇིགས་སྐུལ་རིང་ལུགས་མགོ་འབུར་བྱེད་པའི་གནད་དོན་སོགས་ལ་གྲོས་བསྡུར་བྱེད་རྒྱུ་ཐག་བཅད། གྲོས་ཚོགས་ཀྱི་ཉིན་དང་པོའི་གླེང་གཞི་གཙོ་བོ་ནི་ཝུའུ་ཁི་ལན་གྱི་གནད་དོན་ཡིན་པ་དང་། གྲོས་ཚོགས་ལ་ཞུགས་མཁན་ཚོས་ཝུའུ་ཁི་ལན་གྱི་གནད་དོན་དེ་ཕྱི་འབྲེལ་གྱི་ཐབས་ལམ་དང་ཡང་ན་དམག་དོན་གྱི་ཐབས་ལ་བརྟེན་ནས་ཐག་གཅོད་བྱེད་པའི་ཐད་ནས་བསམ་འཆར་བརྗེ་རེས་བྱས།
ལི་ཅཱའི་གྲོས་ཚོགས་དེ་ལཱ་ཐའོ་ཝེ་ཡཱའི་ཞི་བདེ་རྒྱ་མཚོ་ཆེན་མོ་བརྒལ་བའི་རྩ་འཛུགས་དང་ལཱ་ཐའོ་ཝེ་ཡཱའི་རྒྱལ་སྲུང་པུའུ། ཕྱི་འབྲེལ་པུའུ་བཅས་ཀྱིས་མཉམ་འབྲེལ་བྱས་ནས་གཙོ་སྒྲུབ་བྱས་པ་རེད། ཉིས་སྟོང་དྲུག་ལོ་ནས་བཟུང་ལོ་རེར་ཐེངས་རེར་སྤེལ་བཞིན་ཡོད་པ་དང་། ད་ལོ་ནི་གྲོས་ཚོགས་སྤེལ་ཐེངས་དགུ་བ་རེད། །