མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཡོ་རོབ་གླིང་མནའ་འབྲེལ་གྱིས་ཨུ་རུ་སི་ལ་སྤྱད་པའི་བཀག་སྡོམ་བྱེད་ཐབས་གསར་བར་ཡང་བསྐྱར་དཔྱད་འཇོག་བྱེད་རྩིས་ཡོད།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-09-13 11:18

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཡོ་རོབ་གླིང་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཧྥན་ལུང་ཕའེ་ཡིས་ཚེས་བདུན་ཉིན་པུ་ལི་ཧྲིའི་གསར་འགྱུར་ལས་རིགས་ཀྱི་བཅར་འདྲི་དང་ལེན་བྱེད་སྐབས་བསྟན་དོན། གལ་ཏེ་ཝུའུ་ཁི་ལན་སྲིད་གཞུང་དང་ཤར་ཕྱོགས་དམངས་ཁྲོད་དྲག་ཆས་པས་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་ལག་བསྟར་གང་ལེགས་བྱས་ཏེ། ཕྱོགས་གཉིས་ཀྱི་ཞི་བའི་གྲོས་མོལ་སླར་གསོ་བྱས་ན། ཡོ་རོབ་གླིང་མནའ་འབྲེལ་གྱིས་ཨུ་རུ་སི་ལ་སྤྱད་པའི་བཀག་སྡོམ་བྱེད་ཐབས་གསར་བར་ཡང་བསྐྱར་དཔྱད་འཇོག་བྱེད་རྩིས་ཡོད་ཟེར།

ད་ལོའི་ལོ་མཇུག་ལ་འགན་བསྐྱུར་རྒྱུ་ཡིན་པའི་ཧྥན་ལུང་ཕའེ་ཡིས་བཤད་རྒྱུར། ཨུ་རུ་སིའི་ཕྱོགས་ཀྱིས་ནན་ཏན་གྱིས་གྲོས་མོལ་བྱེད་པར་འཐད་པ་བྱུང་ཡོད། འཁྲུག་རྩོད་མཚམས་འཇོག་པ་ནི་གོ་རིམ་གལ་ཆེན་ཞིག་ཡིན་ཡང་དེ་ཡང་མགོ་བརྩམས་པ་ཙམ་ཡིན་ཟེར།

ཧྥན་ལུང་ཕའེ་ཡིས་བཤད་རྒྱུར། ཆེས་གལ་ཆེ་བ་ནི་འཁྲུག་རྩོད་མཚམས་འཇོག་རྒྱུ་དེ་ཡིན། མིག་སྔར་ད་རུང་འཁྲུག་རྩོད་དོན་རྐྱེན་རེ་འགའ་འབྱུང་བཞིན་ཡོད་པ་དང་། ངས་ཚོས་ངེས་པར་དུ་དུས་ཚོད་ངེས་ཅན་ཞིག་ལ་ལྟ་ཞིབ་བྱས་ཏེ། འཁྲུག་རྩོད་དེ་དག་མུ་མཐུད་དུ་འབྱུང་ངམ་ཡང་ན་ཞི་འཇགས་སུ་འགྲོ་བར་བལྟ་དགོས་ཟེར།

ཧྥན་ལུང་ཕའེ་དང་ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་པཱ་ལོ་ཙོ་ཡིས་ཚེས་ལྔ་ཉིན་གྱི་དགོང་མོར་ཡོངས་བསྒྲགས་འཕྲིན་ཡིག་སྤེལ་ཏེ། ཡོ་རོབ་གླིང་མནའ་འབྲེལ་གྱིས་ཨུ་རུ་སི་ལ་སྤྱད་པའི་བཀག་སྡོམ་བྱེད་ཐབས་གསར་བར་ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་དག་འཐད་པ་བྱུང་ཡོད་པ་དང་། ཡོ་རོབ་གླིང་མནའ་འབྲེལ་གྱིས་ཟླ་དགུ་བའི་ཚེས་བརྒྱད་ཉིན་ཡིག་ཐོག་གི་རྣམ་པས་ཇུས་གཞི་དེར་ཁས་ལེན་བྱེད་རྒྱུ་རེད།

ཡོ་རོབ་གླིང་མནའ་འབྲེལ་གྱིས་རྩ་འཛུགས་བྱས་པའི་རིག་གནས་དང་། དཔལ་འབྱོར། ལུས་རྩལ་སོགས་བྱ་འགུལ་ལ་ཨུ་རུ་སི་གདན་ཞུ་བྱེད་མི་སྲིད་ཟེར།

འཇར་མན་གྱི་ཙུང་ལི་མའོ་ཁི་ཨར་གྱིས་བཅར་འདྲི་དང་ལེན་བྱེད་སྐབས་བསྟན་དོན། ཡོ་རོབ་གླིང་མནའ་འབྲེལ་གྱིས་ཨུ་རུ་སིའི་བཀག་སྡོམ་བྱེད་ཐབས་ལག་བསྟར་བྱེད་རྒྱུ་ཡིན་ཡང་། འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་ལ་གྲུབ་འབྲས་ཐོབ་པའི་གནས་ཚུལ་འོག་ལག་བསྟར་བྱེད་པའི་དུས་ཚོད་རྗེས་སུ་སྣུར་རྒྱུ་ཡིན་ཟེར།

ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡིས་གསལ་སྒྲོག་ལས་ནན་གྱིས་བསྟན་དོན། གལ་ཏེ་ཡོ་རོབ་གླིང་མནའ་འབྲེལ་གྱི་བཀག་སྡོམ་བྱེད་ཐབས་གསར་བ་དེ་ལག་ལེན་དུ་བསྟར་ན། ཨུ་རུ་སི་ཡིས་རྒོལ་ལན་བྱེད་ཐབས་སྤྱོད་སྲིད་པ་ཁོ་ཐག་ཡིན་ཟེར།  ། 

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག