མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཝུའུ་ཁི་ལན་གྱི་འཁྲུག་རྩོད་ཕྱོགས་ཁག་གཉིས་ཀྱིས་ཕན་ཚུན་གྱིས་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་ལ་འགལ་བའི་བྱ་སྤྱོད་སྤེལ་བར་རྒོལ་གཏམ་བཏང་།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-09-13 11:17

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཝུའུ་ཁི་ལན་སྲིད་གཞུང་དང་ཝུའུ་ཁི་ལན་ཤར་ཕྱོགས་ཀྱི་དམངས་ཁྲོད་དྲག་ཆས་པས་ཚེས་བདུན་ཉིན་ཕན་ཚུན་གྱིས་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་ལ་འགལ་བའི་བྱ་སྤྱོད་སྤེལ་བར་སྐྱོན་འཛུགས་བྱས་ཏེ། ཕ་རོལ་བར་དཔུང་འཇུག་བྱས་པ་རེད།

ཝུའུ་ཁི་ལན་རྒྱལ་ཁབ་བདེ་འཇགས་དང་རྒྱལ་སྲུང་ཨུ་ཡོན་ལྷན་ཁང་གིས་ཚེས་བདུན་ཉིན་བཤད་རྒྱུར། ཝུའུ་ཁི་ལན་དམག་ཕྱོགས་ཀྱིས་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་ལ་བརྩི་སྲུང་ནན་མོ་བྱེད་ཀྱང་། ཤར་ཕྱོགས་ཀྱི་ས་ཁུལ་རེ་འགའི་དམངས་ཁྲོད་དྲག་ཆས་པས་འདས་པའི་དུས་ཚོད་ཉེར་བཞིའི་རིང་ཝུའུ་ཁི་ལན་དམག་ཕྱོགས་དང་དམངས་སྤྱོད་དམིགས་འབེན་རེ་འགར་ཐེངས་མང་བོར་འཇབ་རྒོལ་བྱས་ཟེར།

ཨུ་ཡོན་ལྷན་ཁང་དེའི་མགྲིན་ཚབ་པ་གཞན་པ་པའོ་ལེ་བོ་དབྱེ་ཉིན་དེར་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། དམངས་ཁྲོད་ཀྱི་དྲག་ཆས་པས་ཝུའུ་ཁི་ལན་དམག་ཕྱོགས་ལ་ཐེབས་མང་བོར་དཔུང་འཇུག་བྱས་ཀྱང་། འཁྲུག་རྩོད་མཚམས་འཇོག་པའི་ནང་རྐྱེན་མུ་མཐུད་དུ་སྲུང་འཛིན་བྱེད་བཞིན་ཡོད།

ཝུའུ་ཁི་ལན་ཤར་ཕྱོགས་ཀྱི་ཏོན་ནེ་ཚི་ཁི་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ལི་གཞོན་པ་ཨན་ཁྱིག་ཧྥེ་ཡེ་ཧྥུའུ་ཡིས་ཚེས་བདུན་ཉིན་བསྟན་དོན། ཝུའུ་ཁི་ལན་སྲིད་གཞུང་དམག་དཔུང་གིས་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་བརྩི་སྲུང་མ་བྱས་པས། དམངས་ཁྲོད་དྲག་ཆས་པའི་མི་སྣར་ས་ཁུལ་མང་བོ་ནས་རྨས་ཕོག་ཟེར། དེ་ལྟ་ན་ཡང་དམངས་ཁྲོད་དྲག་ཆས་རྩ་འཛུགས་ཀྱིས་སྔར་བཞིན་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་བརྩི་སྲུང་བྱས་ཡོད་ཟེར།

ཏོན་ནེ་ཚི་ཁི་གྲོང་ཁྱེར་སྲིད་གཞུང་གིས་སྤེལ་བའི་གནས་ཚུལ་ལྟར་ན། ཚེས་བདུན་ཉིན་གྱི་ཞོགས་པ་ནས་བཟུང་གྲོང་ཁྱེར་ཡོངས་ཀྱི་ས་ཁུལ་སོ་སོར་མེ་མདའ་དང་མེ་སྒྱོག་གི་སྒྲ་ཐོས་ཐུབ་པ་དང་། མིག་སྔར་གྲོང་ཁྱེར་ནང་ཁུལ་གྱི་གནས་བབ་ཛ་དྲག་ཏུ་གྱུར་ཡོད་ཟེར།

མཱ་ལི་ཝུའུ་པའོ་ཨར་གྲོང་ཁྱེར་སྲིད་གཞུང་གི་གསར་འགྱུར་ཅུའུ་ཡིས་ཚེས་བདུན་ཉིན་བསྒྲགས་པ་ལྟར་ན། དམངས་ཁྲོད་དྲག་ཆས་པས་ཚེས་བདུན་ཉིན་གྱི་ཞོགས་པ་ནས་བཟུང་གྲོང་ཁྱེར་དེའི་མཐའ་མཚམས་སུ་ཡོད་པའི་ཝུའུ་ཁི་ལན་གྱི་དམག་དཔུང་གི་སོ་ལྟ་ཁང་ལ་མེ་སྒྱོགས་ཀྱི་འཇབ་རྒོལ་བྱས། སོ་ལྟ་ཁང་དེའི་ཉེ་འདབས་ཀྱི་སྣུམ་སྣོན་ས་ཚིགས་ཤིག་གཏོར་བཤིག་བཏང་བ་དང་། འགས་གཏོར་གྱི་ཆོག་རོས་བུད་མེད་ཅིག་གི་བྲང་ཁར་ཕོག་ནས་རྐྱེན་ལམ་དུ་ཤོར་བ་དང་། གཞན་མི་སེར་དཀྱུས་མ་གསུམ་དང་དམག་མི་གཅིག་ལ་རྨས་ཕོག་ཟེར། མིག་སྔར་གྲོང་ཁྱེར་ནང་ཁུལ་གྱི་གནས་བབ་བརྟན་འཇགས་ཡིན་པ་དང་། སྤྱི་ཚོགས་དང་འཚོ་བ་རྒྱུན་ལྡན་ཡིན་ཟེར།  ། 

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག