མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཕན་ཅི་ཝུན་གྱིས་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱིས་མཉམ་ལས་ལ་བརྟེན་ནས་ཉམས་མྱོང་བཟང་བོ་མཉམ་སྤྱོད་བྱེད་པའི་སྐུལ་མ་བཏང་།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-09-13 11:15

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་དགུ་བའི་ཚེས་བཅུ་གཉིས་ཉིན་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་མཉམ་ལས་ཉིན་མོ་ཡིན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕན་ཅི་ཝུན་གྱིས་ཞུ་ཚིག་ཕུལ་ཏེ། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱིས་མཉམ་ལས་ལ་བརྟེན་ནས་ཉམས་མྱོང་བཟང་བོ་མཉམ་སྤྱོད་བྱས་ཏེ། ཐུན་མོང་གི་དར་རྒྱས་དང་རྒྱུན་མཐུད་འཕེལ་རྒྱས་མངོན་འགྱུར་བྱེད་དགོས་པའི་སྐུལ་མ་བཏང་།

ཕན་ཅི་ཝུན་གྱིས་ཞུ་ཚིག་ནང་བཤད་རྒྱུར། ད་ལོའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་མཉམ་ལས་ཉིན་མོ་དེ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་སྟོང་ལོ་འཕེལ་རྒྱས་དམིགས་འབེན་ཁྲོད་ཐུན་མོང་དར་རྒྱས་དང་ཁོར་ཡུག་གི་རྒྱུན་མཐུད་རང་བཞིན་སྙིང་བོར་བྱས་པའི་ཉིས་སྟོང་བཅོ་ལྔ་ལོའི་རྗེས་ཀྱི་འཕེལ་རྒྱས་གྲོས་རིམ་དུ་བར་བརྒལ་བྱེད་པའི་སྐབས་ལ་ཁེལ་ཡོད་ཟེར། ཁོས་བསྟན་དོན། སྟོང་ལོའི་འཕེལ་རྒྱས་དམིགས་འབེན་དངོས་འབེབ་བྱེད་པའི་ཐད་གྲུབ་འབྲས་མི་དམན་པ་བླངས་ཡོད་ཀྱང་། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱིས་བླངས་པའི་གྲུབ་འབྲས་དོ་མཉམ་མིན་པ་དང་། ཆེས་དབུལ་ཕོངས་དང་འདྲ་མཉམ་མིན་པ། འཚོ་བཅུད་ཀྱིས་མི་འདང་བ། ནམ་ཟླའི་འགྱུར་ལྡོག་སོགས་ཀྱི་གནད་དོན་སྔར་བཞིན་གནས་ཡོད་ཟེར།

ཕན་ཅི་ཝུན་གྱིས་བཤད་རྒྱུར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱུ་ཆ་ལྟར་ན། འཛམ་གླིང་ཡོངས་སུ་མི་ཐེར་འབུམ་གཉིས་དང་དུང་ཕྱུར་གཉིས་སྔར་བཞིན་དབུལ་ཕོངས་སུ་གནས་ཡོད་པ་དང་། མི་ཐེར་འབུམ་གཅིག་དང་དུང་ཕྱུར་བཞི་ཡིས་གློག་བཀོལ་ཐུབ་མེད་པ་དང་། མི་དུང་ཕྱུར་དགུ་ལ་དག་གཙང་གི་འཐུང་ཆུ་མེད། མི་ཐེར་འབུམ་གཉིས་དང་དུང་ཕྱུར་དྲུག་ལ་གཞི་རྩའི་འཕྲོད་བསྟེན་སྒྲིག་ཆས་དཀོན། དེའི་ནང་མང་ཆེ་བ་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཏུ་གཅིག་བསྡུས་བྱས་ཡོད་ཟེར། ཁོས་བསྟན་དོན། དེ་འདྲའི་ཛ་དྲག་གི་དོན་དངོས་མདུན་ནས་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་མཉམ་ལས་ཀྱིས་རྣམ་པའི་གསར་བའི་འཛམ་གླིང་ཡོངས་ཀྱི་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོགས་པོའི་འབྲེལ་བ་འཛུགས་པའི་གནས་བབ་འོག་དོ་མཉམ་འཕེལ་རྒྱས་དང་འདྲ་མཉམ་ཡར་སྐུལ་གྱི་བགྲོད་ལམ་ཞིག་འདོན་སྤྲོད་བྱེད་དགོས་ཟེར།  ། 

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག