མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཕུའུ་ཅིན་གྱིས་ཡོ་རོབ་གླིང་མནའ་འབྲེལ་གྱིས་ཨུ་རུ་སི་ལ་བཀག་སྡོམ་བྱེད་ཐབས་གསར་བ་སྤྱད་པ་དེས་ཝུའུ་ཁི་ལན་ཤར་ཕྱོགས་ཀྱི་ཞི་བའི་འཕེལ་རིམ་ལ་གཏོར་བརླག་བྱས་ཡོད་པར་བཤད།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-09-13 11:15

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཚེས་བཅུ་གཉིས་ཉིན་ཐཱ་ཅི་ཁི་སི་ཐན་གྱི་རྒྱལ་ས་ཏུའུ་ཧྲང་པེ་ནས་བཤད་རྒྱུར། ཡོ་རོབ་གླིང་མནའ་འབྲེལ་གྱིས་ཨུ་རུ་སི་ལ་སྐོར་ཐེངས་གསར་བའི་བཀག་སྡོམ་བྱེད་ཐབས་ལག་བསྟར་བྱས་པ་དེས་ཝུའུ་ཁི་ལན་ཤར་ཕྱོགས་ཀྱི་ཞི་བའི་འཕེལ་རིམ་ལ་གཏོར་བརླག་བྱས་ཡོད་པ་དང་། ཝུའུ་ཁི་ལན་དེ་རྒྱལ་ཁབ་གཞན་པའི་ཁེ་ཕན་མངོན་འགྱུར་བྱེད་ཆེད་ཀྱི་མི་གཏའ་ལྟ་བུ་ཞིག་ཏུ་གྱུར་ཡོད་ཟེར།

ཡོ་རོབ་གླིང་མནའ་འབྲེལ་གྱིས་ཨུ་རུ་སི་ལ་སྤྱད་པའི་སྐོར་ཐེངས་གསར་བའི་བཀག་སྡོམ་བྱེད་ཐབས་ཉིན་དེར་ནུས་ལྡན་དུ་གྱུར་བར་དམིགས་ཏེ། ཕུའུ་ཅིན་གྱིས་ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་མཐོ་རིམ་གྲོས་ཚོགས་ལ་ཞུགས་པའི་སྐབས་སུ་གསར་འགྱུར་ལས་རིགས་ལ་བསྟན་དོན། ནུབ་ཕྱོགས་རྒྱལ་ཁབ་ཀྱིས་ཝུའུ་ཁི་ལན་ཤར་ཕྱོགས་གནས་བབ་ཞི་བའི་སྒོ་ནས་ཐག་གཅོད་བྱེད་པའི་སྐབས་སུ་ཨུ་རུ་སི་ལ་བཀག་སྡོམ་བྱེད་ཐབས་གསར་བ་སྤྱད་པ་ནི་ཡ་མཚན་གྱི་བྱ་སྤྱོད་ཅིག་རེད། དེས་ཝུའུ་ཁི་ལན་ཤར་ཕྱོགས་ཀྱི་ཞི་བའི་འཕེལ་རིམ་ལ་གཏོར་བརླག་ཐེབས་ངེས་རེད། ཁོས་ཡོ་རོབ་གླིང་མནའ་འབྲེལ་གྱིས་ཨུ་རུ་སི་ལ་སྐོར་ཐེངས་གསར་བའི་བཀག་སྡོམ་བྱེད་ཐབས་སྤྱད་པ་དེ་དོན་ཅི་ཞིག་ལ་འབྲེལ་བ་ཡོད་པ་རྒྱུས་ལོན་བྱེད་དཀའ་བ་དང་། མི་ལ་ལས་ཝུའུ་ཁི་ལན་ཤར་ཕྱོགས་ཀྱི་ཞི་བའི་འཕེལ་རིམ་ལག་བསྟར་བྱེད་པར་སེམས་ཀྱིས་མ་བསགས་པ་ཡིན་ངེས་རེད་ཟེར།

ཕུའུ་ཅིན་གྱིས་བཤད་རྒྱུར། ཨུ་རུ་སིའི་སྲིད་གཞུང་གིས་ཡོ་རོབ་གླིང་མནའ་འབྲེལ་གྱི་བཀག་སྡོམ་བྱེད་ཐབས་ལ་རྒོལ་ལན་སྤྲོད་པར་བསམ་བློ་གཏོང་བཞིན་ཡོད་པ་དང་། བྱེད་ཐབས་དེའི་དམིགས་ཡུལ་ཉག་ཅིག་ནི་ཨུ་རུ་སི་རང་ཉིད་ལ་ཆ་རྐྱེན་སྔར་ལས་བཟང་བོ་བསྐྲུན་ཡོད་ཟེར། ཁོས་ནན་གྱིས་བསྟན་དོན། བཀག་སྡོམ་བྱེད་ཐབས་དེ་ཕྱི་ཕྱོགས་སྲིད་ཇུས་ཤིག་ཡིན་པའི་ཆ་ནས། དུས་ནམ་ཡིན་ཡང་སྔར་ཡོད་ཀྱི་ནུས་པ་ཐོན་མི་ཐུབ་པ་དང་། ཨུ་རུ་སི་ལྟ་བུའི་རྒྱལ་ཁབ་ཆེན་པོ་ཞིག་ལ་མཚོན་ན་ལྷག་ཏུ་སྨྲས་མ་དགོས་པ་ཞིག་རེད་ཟེར།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག