མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཡོ་རོབ་གླིང་མནའ་འབྲེལ་གྱིས་ཝུའུ་ཁི་ལན་བར་གྱི་རང་དབང་ཉོ་ཚོང་གྲོས་ཆོད་ལག་བསྟར་བྱེད་པའི་དུས་ཚོད་རྗེས་སུ་བསྣུར།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-09-13 11:15

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཡོ་རོབ་གླིང་མནའ་འབྲེལ་གྱིས་ཚེས་བཅུ་གཉིས་ཉིན་ཁྱབ་སྒྲོག་བྱས་དོན། ཝུའུ་ཁི་ལན་བར་གྱི་རང་དབང་ཉོ་ཚོང་གྲོས་ཆོད་ཀྱི་ལག་བསྟར་དུས་ཚོད་སང་ལོའི་ལོ་མཇུག་བར་རྗེས་སུ་སྣུར་རྒྱུ་ཡིན་ཟེར། བྱ་སྤྱོད་དེ་ནི་ཨུ་རུ་སིའི་ལངས་ཕྱོགས་དང་ཝུའུ་ཁི་ལན་གྱི་གནས་བབ་བརྟན་འཇགས་ཡོང་བར་བསམ་བློ་བཏང་བ་རེད།

ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཉོ་ཚོང་ལས་དོན་གྱི་འགན་ཁུར་བའི་ཨུ་ཡོན་ཏི་ཀུའུ་ཧི་ཐི་དང་། ཝུའུ་ཁི་ལན་གྱི་ཕྱི་འབྲེལ་བློན་ཆེན་ཁི་ལེ་མུའུ་ཅིན། ཨུ་རུ་སིའི་དཔལ་འབྱོར་འཕེལ་རྒྱས་ཀྱི་བློན་ཆེན་ཝུའུ་ལིན་ཁཱ་ཡེ་ཧྥུའུ་བཅས་ཀྱིས་ཉིན་དེར་པུའུ་ལུའུ་སེར་ནས་ཡོ་རོབ་གླིང་མནའ་འབྲེལ་དང་ཝུའུ་ཁི་ལན། ཨུ་རུ་སི་བཅས་ཕྱོགས་གསུམ་གྱི་གྲོས་མོལ་སྤེལ། ཡོ་རོབ་གླིང་མནའ་འབྲེལ་གྱིས་དེའི་རྗེས་སུ་སྤེལ་བའི་སྤྱི་སྒྲོག་ནང་བཤད་རྒྱུར། ཝུའུ་ཁི་ལན་གྱི་གནས་བབ་བརྟན་འཇགས་ལ་ཡར་སྐུལ་བྱེད་ཆེད། ཡོ་རོབ་གླིང་མནའ་འབྲེལ་དང་ཝུའུ་ཁི་ལན་གྱི་རང་དབང་ཉོ་ཚོང་གྲོས་ཆོད་ལག་བསྟར་བྱེད་པའི་དུས་ཚོད་ལ་འགྱུར་ལྡོག་བཏང་བ་ཡིན་ལ། ལག་བསྟར་བྱེད་པའི་དུས་ཚོད་དེ་ཉིས་སྟོང་བཅོ་ལྔ་ལོའི་ཟླ་བཅུ་གཉིས་པའི་ཚེས་སོ་གཅིག་ཉིན་བར་རྗེས་སུ་སྣུར་ཡོད་ཟེར།

ཏི་ཀུའུ་ཧི་ཐི་ཡིས་བསྟན་དོན། ཡོ་རོབ་གླིང་མནའ་འབྲེལ་དང་ཝུའུ་ཁི་ལན་གྱི་རང་དབང་ཉོ་ཚོང་གྲོས་ཆོད་ལག་བསྟར་བྱེད་པའི་དུས་ཚོད་རྗེས་སུ་སྣུར་བ་དེས་ཕྱོགས་གསུམ་གྱིས་ཇི་ལྟར་ཨུ་རུ་སིའི་སེམས་ཁུར་ཞི་འཇགས་སུ་གཏོང་བར་གྲོས་བསྡུར་བྱེད་པ་ལ་དུས་ཚོད་མཁོ་འདོན་བྱས་པ་དང་། གྲོས་ཆོད་དེ་ནི་ཝུའུ་ཁི་ལན་གྱི་ཞི་བའི་འཕེལ་རིམ་གྱི་ཁག་ཅིག་ཡིན་ཟེར།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག