མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་ཆམ་ཕབ་གཏོང་བའི་རྒྱལ་སྤྱིའི་གྲོས་ཚོགས་སོ་ཏི་ཨ་རབ་ནས་ཚོགས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-09-12 11:16

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་ཆམ་ཕབ་གཏོང་བར་དམིགས་པའི་རྒྱལ་སྤྱིའི་གྲོས་ཚོགས་དེ་ཚེས་བཅུ་གཅིག་ཉིན་སོ་ཏི་ཨ་རབ་ནུབ་ཕྱོགས་ཀྱི་མཚོ་འགྲམ་གྲོང་ཁྱེར་ཅི་ཏཱ་ནས་ཚོགས་པ་དང་། འབྲེལ་ཡོད་རྒྱལ་ཁབ་ཀྱིས་ས་ཁུལ་གྱི་འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་བའི་བྱེ་བྲག་གི་བྱེད་ཐབས་ལ་ཞིབ་འཇུག་བྱེད་རྒྱུ་རེད།

ཉིན་དེར་ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ཁི་ལེ་ཡིས་དབྱི་རག་ཏུ་འཚམས་འདྲི་བྱས་ཚར་ནས་ཅི་ཏཱ་རུ་འབྱོར་ཏེ། ཨེ་ཅིབ་དང། ཅོར་ཏན། ལེ་པཱ་ནུན། དབྱི་རག མཚོ་ཁུགས་ཨ་རབ་རྒྱལ་ཁབ་མཉམ་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་གཏོགས་རྒྱལ་ཁབ་དྲུག དེ་མིན་ཐུར་ཁེ་བཅས་ཀྱི་ཕྱི་འབྲེལ་བློན་ཆེན་དང་མཉམ་དུ་གྲོས་མོལ་བྱས།

ཁི་ལེ་ཡིས་ཚེས་བཅུ་ཉིན་དབྱི་རག་ཏུ་འཚམས་འདྲི་བྱེད་སྐབས་བསྟན་དོན། ཨ་མེ་རི་ཁས་འཛམ་གླིང་ཡོངས་ཀྱི་མནའ་མཐུན་གྲོགས་པོ་འདུས་པའི་མནའ་འབྲེལ་ཆེན་པོ་ཞིག་བཙུགས་ཏེ། དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་ངོ་རྒོལ་བྱས་ནས་མཇུག་མཐར་རྩ་རྫོགས་བྱེད་པར་འབད་བརྩོན་བྱེད་རྒྱུ་ཡིན་ཟེར། ཉིན་དེར་ཨ་མེ་རི་ཁའི་ཙུང་ཐུང་ཨོ་པཱ་མཱ་ཡིས་རྒྱལ་ཡོངས་ལ་བརྙན་འཕྲིན་ཁ་པར་གྲོས་ཚོགས་བསྡུས་ཏེ། དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་ཆམ་ཕབ་གཏོང་བའི་ཇུས་གཞི་རྒྱས་བཤད་བྱས་པ་དང་། བར་སྣང་འཇབ་རྒོལ་གྱི་ཁྱབ་ཁོངས་དེ་དབྱི་རག་ནས་སི་རི་ཡཱ་རུ་རྒྱ་བསྐྱེད་རྒྱུ་ཡིན་ཟེར།

སོ་ཏི་ཨ་རབ་རྒྱལ་ཁབ་ཀྱིས་བསྒྲགས་པའི་གནས་ཚུལ་ལྟར་ན། ཁི་ལེ་ཡིས་གྲོས་ཚོགས་ལ་ཞུགས་པའི་རྒྱལ་ཁབ་སོ་སོས་ཨ་མེ་རི་ཁའི་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་ཆམ་ཕབ་གཏོང་བའི་འཐབ་ཇུས་ལ་རྒྱབ་སྐྱོར་བྱས་ཏེ། ཐལ་སྤྱོད་རྩ་འཛུགས་ལ་རོགས་རམ་བྱེད་མཚམས་འཇོག་པ་དང་། ལས་འགན་ལག་བསྟར་བྱས་ཆོག་པའི་ཨ་མེ་རི་ཁའི་དམག་དཔུང་གི་འཐབ་འཛིང་གནམ་གྲུར་རྒྱལ་ཁབ་གཞན་པར་འཕུར་བསྐྱོད་བྱེད་པའི་དབང་ཆ་སྟེར་བ། ཨ་རབ་རྒྱལ་ཁབ་ཀྱི་གསར་འགྱུར་སྨྱན་བྱད་བེད་སྤྱད་དེ་འཇིགས་སྐུལ་ལ་ངོ་རྒོལ་བྱེད་དགོས་ཟེར།   ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག