མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཧྥ་རན་སི་རྒྱལ་ཁབ་ཀྱིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་འགུལ་སྐྱོད་མཐུན་སྦྱོར་བྱས་ཏེ་དབྱི་རག་དང་ལོས་ཧྥན་ཐི་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་ཆམ་ཕབ་གཏོང་དགོས་པའི་འབོད་སྐུལ་བཏང་།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-08-21 10:46

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧྥ་རན་སིའི་སྲིད་གཞུང་གི་མགོ་ཁྲིད་པས་ཚེས་ཉི་ཤུའི་ཉིན་བསྟན་དོན། གང་མགྱོགས་ཀྱིས་རྒྱལ་སྤྱིའི་གྲོས་ཚོགས་ཤིག་བསྡུས་ཏེ་དབྱི་རག་དང་ལོས་ཧྥན་ཐི་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་ཇི་ལྟར་ཆམ་ཕབ་གཏོང་བར་གྲོས་བསྡུར་བྱེད་དགོས་པའི་རེ་བ་བཏོན།

ཧྥ་རན་སིའི་ཙུང་ཐུང་ཨོ་ལིང་ཏི་ཡིས་འཛམ་གླིང་ཚགས་པར་གྱི་ཆེད་དོན་བཅར་འདྲི་དང་ལེན་བྱེད་སྐབས་བསྟན་དོན། ད་ལྟ་ངེས་པར་དུ་ཁ་གཏོད་དགོས་པ་ནི་རྟེན་གཞི་རྩ་འཛུགས་ལྟ་བུའི་འཇིགས་སྐུལ་རིང་ལུགས་ཀྱི་འགུལ་སྐྱོད་མ་ཡིན་པར་དབྱི་རག་དང་ལོས་ཧྥན་ཐི་དབྱི་སི་ལན་རྒྱལ་ཁབ་ལྟ་བུའི་འཇིགས་སྐུལ་རིང་ལུགས་ཀྱི་ཚད་ལྡན་རྒྱལ་ཁབ་རེད། ཚོགས་ཁག་དེར་རྩ་འཛུགས་སྒྲིག་གཞི་དང་མ་དངུལ་འབོར་ཆེན། མཚོན་ཆ་སྤུས་ལེགས་ཡོད་ལ། དབྱི་རག་དང་སི་རི་ཡཱ། ལེ་པཱ་ནུན་སོགས་རྒྱལ་ཁབ་ལ་འཇིགས་ཉེན་ཐེབས་ཏེ། འཛམ་གླིང་རང་བཞིན་གྱི་འཐབ་ཇུས་སྤྱད་དེ་ཆམ་ཕབ་གཏོང་དགོས། ཁོས་མི་འགྱངས་པར་གྲོགས་པོའི་རྒྱལ་ཁབ་དག་ལ་དབྱི་རག་གི་བདེ་འཇགས་ལ་འབྲེལ་བའི་རྒྱལ་སྤྱིའི་གྲོས་ཚོགས་ཤིག་བསྡུ་བའི་གྲོས་གཞི་བཏོན་ཏེ། དབྱི་རག་དང་ལོས་ཧྥན་ཐི་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་ཆམ་ཕབ་གཏོང་རྒྱུ་ཡིན་ཟེར།

ཧྥ་རན་སིའི་ཕྱི་འབྲེལ་བློན་ཆེན་ཧྥ་པུས་ཡུག་སི་ཡིས་གསལ་སྒྲོག་སྤེལ་ཏེ་བཤད་རྒྱུར། སི་རི་ཡཱ་ནས་དབྱི་རག་དང་ལོས་ཧྥན་ཐི་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱིས་བཙན་ཁྲིད་བྱས་པའི་ཨ་མེ་རི་ཁའི་གསར་འགོད་པ་དམར་གསོད་ཐེབས་པའི་གནས་ཚུལ་ཤེས་རྗེས་ཁོ་རང་ཁོང་ཁྲོ་ཆེན་པོ་ལངས་ཡོད་ཟེར། ཁོས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དེར་རྒོལ་གཏམ་དྲག་པོ་གཏོང་བ་དང་། སྔར་ལས་ལྷག་པར་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་འབྲེལ་ཡོད་གྲོས་ཆོད་ཀྱི་དགོངས་དོན་གཞིར་བཟུང་སྟེ་ཐལ་སྤྱོད་རྩ་འཛུགས་དེར་ཆམ་ཕབ་གཏོང་བའི་ཆོད་སེམས་བརྟན་པོ་ཡོད་དགོས་པའི་འབོད་སྐུལ་བཏང་།

ཧྥ་པུས་ཡུག་སི་ཡིས་ཉིན་དེར་རྒྱལ་དམངས་གྲོས་ཁང་ཕྱི་འབྲེལ་ཨུ་ཡོན་ལྷན་ཁང་གི་ཉན་ཞིབ་ཚོགས་འདུའི་སྟེང་བསྟན་དོན། ང་ཚོས་གྲོགས་པོ་སོ་སོའི་བར་ཇི་ལྟར་ཆམ་ཕབ་གཏོང་བར་མཉམ་དུ་ཞིབ་འཇུག་བྱེད་དགོས། ང་ཚོས་ས་ཁུལ་དེའི་རྒྱལ་ཁབ་ཚང་འགུལ་སྐྱོད་དེའི་ནང་ཞུགས་པར་རེ་བ་བཅངས་ཡོད་པར་མ་ཟད། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་རྒྱལ་ཁབ་ལྔ་ཡང་འགུལ་སྐྱོད་དེའི་ནང་ཞུགས་པར་རེ་བ་བྱས་ཡོད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག