མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཕན་ཅི་ཝུན་གྱིས་སི་རི་ཡཱའི་རྫས་འགྱུར་མཚོན་ཆ་མེད་པར་བཟོ་བར་གྲུབ་འབྲས་གལ་ཆེན་ཐོབ་པར་དགའ་བསུ་ཞུས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-08-21 10:45

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕན་ཅི་ཝུན་གྱིས་ཚེས་ཉི་ཤུའི་ཉིན་མགྲིན་ཚབ་པ་བརྒྱུད་དེ་གསལ་སྒྲོག་སྤེལ་ནས། སི་རི་ཡཱ་ཡིས་སྙན་ཞུ་བྱས་པའི་རྫས་འགྱུར་མཚོན་ཆའི་མ་བཅོས་རྒྱུ་ཆ་དག་ཨ་མེ་རི་ཁའི་ཁའེ་ཕུའུ་ལོས་རྟགས་ཅན་དམག་གྲུ་གྱི་སྟེང་མེད་པར་བཟོས།

གསལ་སྒྲོག་ལས་བཤད་རྒྱུར། དེ་ནི་སི་རི་ཡཱའི་རྫས་འགྱུར་མཚོན་ཆ་མེད་པར་བཟོ་བའི་ལས་གཞིའི་གྲུབ་འབྲས་གལ་ཆེན་ཞིག་ཡན་པ་དང་། ཕན་ཅི་ཝུན་གྱིས་སི་རི་ཡཱའི་སྲིད་གཞུང་གི་མཉམ་ལས་ལ་གཟེངས་བསྟོད་བྱས་པར་མ་ཟད། བརྒྱུད་རིམ་དེར་རྒྱབ་སྐྱོར་ཆེན་པོ་བྱས་པའི་ཁོངས་གཏོགས་རྒྱལ་ཁབ་དང་། རྫས་འགྱུར་མཚོན་ཆ་གཏན་འགོག་བྱེད་པའི་རྩ་འཛུགས་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཐུས་ཚབ་ཚོགས་པ་བཅས་ལ་གཟེངས་བསྟོད་བྱས།

ཕན་ཅི་ཝུན་གྱིས་སི་རི་ཡཱ་ཡིས་དེའི་རྨང་གཞིའི་སྟེང་ཧུར་ཐག་སྒོས་རྫས་འགྱུར་མཚོན་ཆ་ཚང་མ་མེད་པར་བཟོ་བའི་ལས་གཞིར་འགན་སྲང་བྱེད་དགོས་པའི་སྐུལ་མ་བཏང་།

ཨ་མེ་རི་ཁའི་ཙུང་ཐུང་ཨོ་པཱ་མཱ་ཡིས་ཚེས་བཅོ་བརྒྱད་ཉིན་གསལ་སྒྲོག་སྤེལ་ཏེ། སི་རི་ཡཱའི་སྲིད་གཞུང་གིས་སྙན་ཞུ་བྱས་པའི་རྫས་འགྱུར་མཚོན་ཆ་ཉིན་དེར་མེད་པར་བཟོས་པ་དང་། དེ་ནི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་གཞི་རྒྱ་ཆེ་བའི་གསོད་རྨས་རང་བཞིན་གྱི་མཚོན་རྒྱ་ཡན་དུ་མི་འགྲོ་བར་ཚོད་འཛིན་བྱེད་པའི་གྲུབ་འབྲས་གལ་ཆེན་ཞིག་རེད་ཟེར། ཨོ་པཱ་མཱ་ཡིས་བཤད་རྒྱུར། ཐེངས་འདིའི་རྫས་འགྱུར་མཚོན་ཆ་མེད་པར་བཟོ་བའི་འགུལ་སྐྱོད་ནི་ཨ་མེ་རི་ཁའི་མི་སྣས་ཨ་མེ་རི་ཁའི་ཁའེ་ཕུའུ་ལོས་རྟགས་ཅན་གྱི་དམག་གྲུའི་སྟེང་མེད་པར་བཟོས་པ་རེད། ཁོས་ཏེན་མག་དང་ནོར་ཝེ། དབྱེ་ཐཱ་ལེ། ཧྥུན་ལན། འཇར་མན། དབྱིན་ཇི། ཨུ་རུ་སི། ཀྲུང་གོ་སོགས་རྒྱལ་ཁབ་ཀྱིས་རོགས་འདེགས་བྱས་པར་བཀའ་དྲིན་ཞུས།

མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཉིས་སྟོང་བཅུ་གསུམ་ལོའི་ཟླ་དགུ་བའི་ཚེས་ཉེར་བདུན་ཉིན་གྲོས་ཆོད་བཀོད་དེ། སི་རི་ཡཱའི་རྫས་འགྱུར་མཚོན་ཆའི་ལས་གཞི་ལ་ཞིབ་བཤེར་ནན་མོ་བྱེད་པ་དང་། ཆེས་མགྱོགས་ཤིང་ཆེས་བདེ་འཇགས་ཡིན་པའི་བྱེད་ཐབས་སྤྱད་དེ་སི་རི་ཡཱའི་རྫས་འགྱུར་མཚོན་ཆ་མེད་པར་བཟོ་བའི་དམིགས་བསལ་གྱི་ལས་རིམ་ལག་བསྟར་བྱེད་མགོ་བརྩམས། རྫས་འགྱུར་མཚོན་ཆ་གཏན་འགོག་བྱེད་པའི་རྩ་འཛུགས་ཀྱི་ལག་བསྟར་ལས་འཛིན་ལྷན་ཚོགས་ཀྱིས་ལོ་དེའི་ཟླ་བཅུ་གཅིག་པར་ཉིས་སྟོང་བཅུ་བཞི་ལོའི་ཟླ་དྲུག་པའི་ཚེས་སུམ་ཅུའི་ཉིན་གྱི་སྔོན་ལ་སི་རི་ཡཱའི་རྫས་འགྱུར་མཚོན་ཆ་ཚང་མེད་པར་བཟོ་བའི་བྱེ་བྲག་གི་གྲོས་གཞིར་གྲོས་འཆམ་བྱུང་།

རྒྱལ་ཁབ་མང་བོ་ཞིག་སི་རི་ཡཱའི་རྫས་འགྱུར་མཚོན་ཆ་མེད་པར་བཟོ་བའི་མཉམ་འབྲེལ་ལས་འགན་ནང་ཞུགས་པ་དང་། ཏེན་མག་དང་ནོར་ཝེ་ཡི་དངོས་སྐྱེལ་གྲུ་གཟིངས་ཀྱིས་རྫས་འགྱུར་མཚོན་ཆ་སྐྱེལ་འདྲེན་བྱེད་པའི་འགན་ཁུར་བ་དང་། ཨ་མེ་རི་ཁའི་གྲུ་གཟིངས་ཀྱིས་མཚོ་ཐོག་ནས་མེད་པར་བཟོ་བའི་འགན་ཁུར། ཀྲུང་གོ་དང་ཨུ་རུ་སིའི་དམག་གྲུས་སྲུང་སྐྱོབ་བྱས་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག