མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨ་མེ་རི་ཁའི་དམག་དཔུང་གིས་ཉིན་གསུམ་གྱི་ནང་དབྱི་རག་དང་ལེ་ཧྥན་ཐི་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་དྲག་ཆས་པར་བར་སྣང་ནས་འཇབ་རྒོལ་ཐེངས་སོ་ལྔ་སྤེལ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-08-20 11:12

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་རྒྱལ་སྲུང་པུའུ་ཡིས་ཚེས་བཅོ་བརྒྱད་ཉིན་བཤད་རྒྱུར། འདས་པའི་ཉིན་གསུམ་ཉིན་གྱི་ནང། ཨ་མེ་རི་ཁའི་དམག་དཔུང་གི་འཐབ་འཛིང་གནམ་གྲུས་དབྱི་རག་མངའ་ཁོངས་སུ་ཡོད་པའི་ཐལ་སྤྱོད་དྲག་ཆས་རྩ་འཛུགས་དབྱི་རག་དང་ལེ་ཧྥན་ཐི་དབྱི་སི་ལན་རྒྱལ་ཁབ་ཅེས་པར་བར་སྣང་ནས་འཇབ་རྒོལ་ཐེངས་སོ་ལྔ་སྤེལ། དམིགས་འབེན་དགུ་བཅུ་ལྷག་ལ་གཏོར་བཤིག་བཏང་ཡོད།

དེ་ནི་ཟླ་འདིའི་ཚེས་བརྒྱད་ཉིན་ནས་བཟུང་ཨ་མེ་རི་ཁའི་དམག་དཔུང་གིས་དབྱི་རག་དང་ལེ་ཧྥན་ཐི་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་དྲག་ཆས་པར་བར་སྣང་འཇབ་རྒོལ་བྱས་པའི་ཚུན་གྱི་ཆེས་གཅིག་འདུས་ཀྱི་འགས་གཏོར་ཞིག་རེད།

རྒྱལ་སྲུང་པུའུ་ཡི་མགྲིན་ཚབ་པ་ཡོ་ཧན་ཁི་པུས་ཀྱིས་བཤད་རྒྱུར། ཨ་མེ་རི་ཁའི་དམག་དཔུང་གིས་འཐབ་འཛིང་གནམ་གྲུ་དང་འགས་གཏོར་གནམ་གྲུ། མི་བསྡད་མེད་པའི་གནམ་གྲུ་སོགས་མངག་གཏོང་བྱས་ཏེ། དབྱི་རག་དང་ལེ་ཧྥན་ཐི་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་དྲག་ཆས་པའི་སྦས་སྐོང་བྱེད་ས་གཙང་བཤེར་བྱས་པ་དང་། ང་ཚོས་བསྡོམས་པས་དམིགས་འབེན་དགུ་བཅུ་ལྷག་གཏོར་བཤིག་བཏང་ཡོད་ལ། དེའི་ནང་རླངས་འཁོར་དང་སྒྲིག་ཆས། གཡུལ་ས་སོགས་འདུས་ཡོད་ཟེར།

ཨ་མེ་རི་ཁའི་དམག་དཔུང་གི་ཀྲུང་དབྱང་དམག་སྤྱི་ཁང་གིས་བཤད་རྒྱུར། ཚེས་བཅོ་བརྒྱད་ཉིན་གཅིག་པུར་ཨ་མེ་རི་ཁའི་དམག་དཔུང་གི་གནམ་གྲུས་བར་སྣང་འཇབ་རྒོལ་ཐེངས་བཅོ་ལྔ་བྱས་ཏེ། དབྱི་རག་དང་ལེ་ཧྥན་ཐི་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་དྲག་ཆས་པའི་གཡུལ་ས་དགུ་དང་རླངས་འཁོར་བརྒྱད་ལ་གཏོར་བཤིག་བཏང་ཡོད་ཟེར།

ཚེས་བཅུ་དྲུག་ཉིན་ནས་བཟུང་། ཨ་མེ་རི་ཁ་དང་དབྱི་རག་གི་འཐབ་འཛིང་གནམ་གྲུས་དབྱི་རག་བྱང་ཕྱོགས་ཀྱི་མུའུ་སུའུ་ཆུ་རགས་ཆེན་མོ་ཚོད་འཛིན་བྱེད་པའི་དབྱི་རག་དང་ལེ་ཧྥན་ཐི་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་དྲག་ཆས་པར་བར་སྣང་ནས་འཇབ་རྒོལ་བྱས། ཚེས་བཅོ་བརྒྱད་ཉིན་མཉམ་འབྲེལ་བར་སྣང་སྟོབས་ཤུགས་ཀྱི་རོགས་འདེགས་འོག དབྱི་རག་གི་དམིགས་བསལ་དམག་དཔུང་དང་ཁུའུ་ཨར་ཏི་དྲག་ཆས་པས་དབྱི་རག་དང་ལེ་ཧྥན་ཐི་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་དྲག་ཆས་པའི་ལག་ནས་ཆུ་རགས་ཆེན་མོ་ཕྱིར་འཕྲོག་པ་རེད།

ཨ་མེ་རི་ཁའི་ཙུང་ཐུང་ཨོ་པཱ་མཱ་ཡིས་ཆུ་རགས་ཆེན་མོ་ཕྱིར་འཕྲོག་པར་དགའ་བསུ་ཞུས་པ་དང་། འགུལ་སྐྱོད་དེ་ལས་དབྱི་རག་དང་ཁུའུ་ཨར་ཏི་དྲག་ཆས་པས་སེམས་ཤུགས་གཅིག་སྒྲིལ་གྱིས་དབྱི་རག་དང་ལེ་ཧྥན་ཐི་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་དྲག་ཆས་པར་འཐབ་འཁྲུག་བྱེད་བཞིན་པ་མཚོན་ཡོད་ཟེར།

ཨོ་པཱ་མཱ་ཡིས་གལ་ཏེ་ཁོ་ཚོས་མུ་མཐུད་དུ་དེ་ལྟར་བསྒྲུབ་ན་ཨ་མེ་ཁའི་རྒྱབ་སྐྱོར་ཆེན་པོ་ཐོབ་སྲིད་པ་ཁས་ལེན་བྱས།

བསྒྲགས་པའི་གནས་ཚུལ་ལྟར་ན། དེ་ནི་ཨོ་པཱ་མཱ་ཡིས་ཟླ་འདིའི་ཚེས་བདུན་ཉིན་དབྱི་རག་དང་ལེ་ཧྥན་ཐི་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་དྲག་ཆས་པར་བར་སྣང་འཇབ་རྒོལ་བྱེད་པའི་དབང་ཆ་བསྩལ་བའི་ཚུན་ལ། ཨ་མེ་རི་ཁའི་དམག་དཔུང་གི་བར་སྣང་འཇབ་རྒོལ་མཇུག་སྒྲིལ་མེད་པའི་བརྡ་གསལ་བོར་བཏང་བ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག