མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཧྥོ་ཀི་སུན་ནས་ཡང་བསྐྱར་ཉེན་རྟོག་པ་དང་མང་ཚོགས་བར་འཁྲུག་རྩོད་བྱུང་བ་དང་ཨོ་པཱ་མཱ་ཡིས་བློ་སེམས་བདེ་ལ་འབབ་དགོས་པའི་འབོད་སྐུལ་བཏང་།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-08-20 11:12

8月18日深夜,在美国密苏里州弗格森地区,一位抗议者对当地政府表示不满。.jpg

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བརྒྱད་པའི་ཚེས་བཅོ་བརྒྱད་ཉིན་གྱི་དགོང་མོར། ཨ་མེ་རི་ཁའི་མུས་སུའུ་ལི་ཀྲིག་གི་ཧྥོ་ཀི་སུན་ས་ཁུལ་ནས། ངོ་རྒོལ་མཁན་ཞིག་གིས་ས་གནས་སྲིད་གཞུང་ལ་མི་དགའ་བའི་ཚུལ་བསྟན།

  ཨ་མེ་རི་ཁའི་མུས་སུའུ་ལི་ཀྲིག་ཧྲིན་ལུའུ་དབྱེ་སི་གྲོང་ཁྱེར་གྱི་ཧྥོ་ཀི་སུན་ས་ཁུལ་ནས་ཨ་ཧྥེ་རི་ཁ་གླིང་གི་རྒྱུད་ཀྱི་ན་གཞོན་ཞིག་མི་དཀར་ཉེན་རྟོག་པས་མེ་མདས་བརྒྱབ་སྟེ་བསད་པ་ལས་བྱུང་བའི་རྔམ་སྟོན་ཁྲོམ་སྐོར་དེ་ཚེས་བཅོ་བརྒྱད་ཉིན་མུ་མཐུད་དུ་སྤེལ། རྔམ་སྟོན་མཁན་རེ་འགའ་དང་ཉེན་རྟོག་པའི་བར་ཉིན་དེའི་དགོང་མོར་ད་རུང་འཁྲུག་རྩོད་བྱུང་། ཉེན་རྟོག་ཕྱོགས་ཀྱིས་བཤད་རྒྱུར། ཁོ་ཚོར་མེ་མདའི་འཇབ་རྒོལ་དྲག་པོ་ཐེབས་ཏེ་མི་དྲུག་ལ་རྨས་ཕོག་པ་དང་། ཉེན་རྟོག་ཕྱོགས་ཀྱིས་མི་སོ་གཅིག་འཛིན་བཟུང་བྱས་ཟེར།

 ཨ་མེ་རི་ཁའི་ཙུང་ཐུང་ཨོ་པཱ་མཱ་ཡིས་ངལ་གསོའི་མཚམས་བཞག་སྟེ་རྒྱལ་ཡོངས་ཀྱི་བརྙན་འཕྲིན་གཏམ་བཤད་སྤེལ་ནས་བློ་སེམས་བདེ་ལ་འབབ་དགོས་པའི་འབོད་སྐུལ་བཏང་།

  མུའུ་སུའུ་ལི་ཀྲིག་གཞུང་ལམ་སྐོར་གཡེང་ཉེན་རྟོག་པའི་དཔོན་པོ་ཡོ་ཧན་ཞོན་གྱིས་ཚེས་བཅུ་དགུའི་ཉིན་གྱི་སྔ་དྲོར་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་ཞིག་གི་སྟེང་བཤད་རྒྱུར། རྔམ་སྟོན་བྱ་འགུལ་དེ་ཐོག་མར་ཅུང་ཞི་འཇམ་ཡིན་པ་དང་། ཉེན་རྟོག་པས་གཞུང་ལམ་ཞིག་བཀག་སྡོམ་བྱས་ཏེ་རྔམ་སྟོན་བྱ་འགུལ་སྤེལ་མཁན་ལ་མཁོ་འདོན་བྱས་ཡོད་ཟེར།

  ཡོ་ཧན་ཞོན་གྱིས་བཤད་རྒྱུར། རྔམ་སྟོན་ཁྲོམ་སྐོར་མཁན་ཉིས་བརྒྱ་ཙམ་གྱིས་ཉེན་རྟོག་པ་གྲལ་སྒྲིག་པའི་ཕྱོགས་སུ་ཡོང་བ་དང་། དེའི་ནང་གི་མི་སྐོར་ཞིག་གིས་ཉེན་རྟོག་པར་དམ་བུ་དང་རྡོ་སོགས་འཕང་ནས་འཇབ་རྒོལ་བྱས་ཟེར།

  ཁོས་བཤད་རྒྱུར། ཐེངས་འདིའི་འཁྲུག་རྩོད་ལས་ཉེན་རྟོག་པ་བཞི་དང་རྔམ་སྟོན་ཁྲོམ་སྐོར་མཁན་གཉིས་ལ་རྨས་ཕོག ཉེན་རྟོག་ཕྱོགས་ཀྱིས་མི་སོ་གཅིག་འཛིན་བཟུང་བྱས་ཡོད་ལ། རྨས་མ་རྣམས་སྨན་ཁང་དུ་བསྐྱལ་ཡོད་ཟེར། ཁོས་རྨས་མའི་གནས་ཚུལ་གསལ་བོར་མ་བཤད།

  ཡོ་ཧན་ཞོན་གྱིས་བཤད་རྒྱུར། རྔམ་སྟོན་ཁྲོམ་སྐོར་མཁན་གྱི་ཁྲོད་མི་རེ་འགའ་ནི་ས་གནས་ཀྱི་སྡོད་དམངས་མ་ཡིན་པ་དང་། ཉིག་ཡོ་ཀྲིག་དང་ཅཱ་ལེ་ཧྥུའུ་ནེ་ཡཱ་ཀྲིག་ནས་ཡོང་བ་རེད། རྔམ་སྟོན་ཁྲོམ་སྐོར་མཁན་ཞི་འཇམ་དང་གུས་ལུགས་ལྡན་པ་ཞིག་ཡིན་ལ། ཉེན་རྟོག་པའི་བར་འཁྲུག་རྩོད་བྱུང་མེད་ཀྱང་། ནག་ཉེས་བཟོ་མཁན་སྐོར་ཞིག་གིས་མེ་མདས་བརྒྱབ་པར་མ་ཟད་སྤྱི་དམངས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་འཇིགས་ཉེན་བཟོ་བཞིན་ཡོད་ཟེར།

  ཡའོ་ཧན་ཞོན་གྱིས་བཤད་རྒྱུར། ཉེན་རྟོག་པས་རང་ཚོད་བཟུང་སྟེ་ཕྱིར་མེ་མདས་མ་རྒྱབ་ཟེར།

  ལོ་བཅོ་བརྒྱད་ཡིན་པའི་ཨ་ཧྥེ་རི་ཁ་གླིང་གི་རྒྱུད་ཀྱི་ན་གཞོན་པུའུ་ལིང་ཚེས་དགུ་ཉིན་ཧྥོ་ཀི་སུན་གྱི་སྲང་ལམ་ནས་མི་དཀར་ཉེན་རྟོག་དཔོན་པོ་ཝེ་ཨར་ཞོན་གྱིས་བཀག་ནས་མཇུག་མཐར་མེ་མདས་བརྒྱབ་ནས་བསད་པ་དང་། མཁར་གྲོང་ཆུང་ཆུང་དེའི་སྡོད་དམངས་ཀྱིས་དེར་ངོ་རྒོལ་དྲག་པོ་བྱས་པ་དང་བསྟུན་མར་ཉིན་འགའི་རིང་རྔམ་སྟོན་ཁྲོམ་སྐོར་བྱས། ཧྥོ་ཀི་སུན་ལས་གཞན། པུའུ་ལིང་གི་ཤི་རྐྱེན་དབང་གིས་ཧྲིན་ལུའུ་དབྱེ་སི་དང་། ཉིག་ཡོ། ཞི་ཡཱ་ཐུའུ། ཨོ་ཁི་ལན་སོགས་ཨ་མེ་རི་ཁའི་ས་ཁུལ་གཞན་པ་ནས་ཀྱང་རྔམ་སྟོན་ཁྲོམ་སྐོར་བྱ་འགུལ་སྤེལ།

  རྔམ་སྟོན་ཁྲོམ་སྐོར་དེ་ལས་བྱུང་བའི་འཁྲུག་རྩོད་དབང་གིས་ངལ་གསོ་བྱེད་བཞིན་པའི་ཨོ་པཱ་མཱ་ཚེས་བཅོ་བརྒྱད་ཉིན་ཕྱིར་ཕོ་བྲང་དཀར་པོར་ཡོང་ནས། ཕྱོགས་སོ་སོའི་བློ་སེམས་བདེ་ལ་འབབ་དགོས་པའི་འབོད་སྐུལ་བཏང་བ་དང་། དབང་འཛིན་ལས་ཁུངས་ཀྱིས་མེ་མདས་བརྒྱབ་པའི་དོན་རྐྱེན་དེར་རྟོག་ཞིབ་བྱེད་བཞིན་ཡོད་ཟེར།

  ཨོ་པཱ་མཱ་ཡིས་བཤད་རྒྱུར། པུའུ་ལིང་གི་ཤི་རྐྱེན་དབང་གིས་ཚང་མ་ཁོང་ཁྲོ་ལངས་པའི་སེམས་ཁམས་དེར་རྒྱུས་ལོན་བྱེད་ཐུབ་ཀྱང་། ཁོང་ཁྲོ་དེ་འཕྲོག་བཅོམ་དང་མེ་དམའ་བཀོལ་ནས་ཉེན་རྟོག་པར་འཇབ་རྒོལ་བྱས་ན་གནས་བབ་སྔར་ལས་ཛ་དྲག་ཏུ་འགྲོ་བ་ལས་དེ་ནི་འདྲ་མཉམ་དང་དྲང་བདེན་གྱི་བྱ་སྤྱོད་ཅིག་མིན་ཟེར།

  ཨོ་པཱ་མཱ་ཡིས་བཤད་རྒྱུར། ཁོས་ཁྲིམས་འཛིན་པུའུ་ཀྲང་ཧའོ་ཨར་ཏི་ཚེས་ཉི་ཤུའི་ཉིན་ཧྥོ་ཀི་སུན་དུ་སོང་ནས། དོན་རྐྱེན་དེར་རྟོག་ཞིབ་བྱེད་པ་དང་། ཞོར་དུ་གྱོད་དོན་དེའི་ཐད་ནས་སྤྱི་དམངས་ཀྱི་འབྲེལ་ཡོད་ཁེ་དབང་ལ་རྟོག་ཞིབ་བྱེད་དགོས་པའི་རེ་བ་བཏོན་ཡོད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག