མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་གྱིས་རྒྱལ་ཁབ་བཞི་ཡིས་ཨུ་རུ་སི་ཡིས་ཝུའུ་ཁི་ལན་ལ་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་དངོས་རྫས་བྱིན་པར་ཐུན་མོང་གི་ལྟ་ཚུལ་བྱུང་ཡོད་པར་བཤད།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-08-19 11:08

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ཚེས་བཅོ་བརྒྱད་ཉིན་བཤད་རྒྱུར། ཨུ་རུ་སི་དང་འཇར་མན། ཧྥ་རན་སི། ཝུའུ་ཁི་ལན་བཅས་རྒྱལ་ཁབ་བཞིའི་ཕྱི་འབྲེལ་བློན་ཆེན་གྱིས་ཉིན་དེར་ཨུ་རུ་སི་ཡིས་ཝུའུ་ཁི་ལན་ཤར་ཕྱོགས་ས་ཁུལ་དུ་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་དངོས་རྫས་སྐྱེལ་འདྲེན་བྱས་པའི་གནད་དོན་ཐད་ནས་ཐུན་མོང་གི་ལྟ་ཚུལ་བྱུང་།

ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ཉིན་དེར་པའོ་ལིན་ནས་རྒྱལ་ཁབ་བཞིའི་ཕྱི་འབྲེལ་བློན་ཆེན་གྱི་ཝུའུ་ཁི་ལན་གནད་དོན་གྱི་གྲོས་མོལ་ལ་ཞུགས་རྗེས་གསར་འགྱུར་ལས་རིགས་ལ་བསྟན་དོན། རྒྱལ་ཁབ་བཞིའི་ཕྱི་འབྲེལ་བློན་ཆེན་གྱིས་དུས་ཡུན་རིང་བོར་གྲོས་བསྡུར་བྱས་པའི་གནད་དོན་རེ་འགའི་ཐད་ནས་གྲུབ་འབྲས་ངེས་ཅན་བླངས་པ་དང་། ཁྱད་པར་དུ་ཨུ་རུ་སི་ཡིས་ཝུའུ་ཁི་ལན་ཤར་ཕྱོགས་ས་ཁུལ་དུ་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་དངོས་རྫས་སྐྱེལ་འདྲེན་བྱས་པའི་གནད་དོན་ཐད་ནས་ཐུན་མོང་གི་ལྟ་ཚུལ་བྱུང་ཡོད། དོན་དེར་འབྲེལ་བའི་གནད་དོན་ཚང་མ་ཐག་གཅོད་བྱས་ཡོད་ལ། ཨུ་རུ་སིའི་ཕྱོགས་ཀྱིས་རོགས་སྐྱོར་དངོས་རྫས་དག་གང་མགྱོགས་ཀྱིས་སྐྱེལ་འདྲེན་བྱེད་པར་རེ་བས་ཁེངས་ཡོད་ཟེར།

ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ད་རུང་ནན་གྱིས་བསྟན་དོན། ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་མཐའ་མཚམས་ས་ཁུལ་གྱི་ཝུའུ་ཁི་ལན་ཕྱོགས་ནས་འཁྲུག་རྩོད་དྲག་པོ་བྱུང་བའི་དབང་གིས་ཐེངས་མང་བོར་ཨུ་རུ་སིའི་མངའ་ཁོངས་སུ་འཇབ་རྒོལ་ཐེབས་པའི་དོན་རྐྱེན་བྱུང་། ཨུ་རུ་སིའི་ཕྱོགས་ཀྱིས་བྱེད་ཐབས་སྤྱད་དེ་རང་གི་མངའ་ཁོངས་ཀྱི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པའི་དབང་ཆ་ཡོད་པ་ནན་བཤད་བྱས། ཁོས་བཤད་རྒྱུར། ཨུ་རུ་སིའི་ཕྱོགས་ཀྱིས་ཡོ་རོབ་གླིང་བདེ་འཇགས་དང་མཉམ་ལས་རྩ་འཛུགས་ཀྱིས་མི་བསྡད་མེད་པའི་གནམ་གྲུ་བཀོལ་ནས་ཨུ་རུ་སི་དང་ཝུའུ་ཁི་ལན་མཐའ་མཚམས་ས་ཁུལ་གྱི་བདེ་འཇགས་གནས་ཚུལ་ལ་ལྟ་རྟོག་བྱེད་པར་རྒྱབ་སྐྱོར་བྱེད་བཞིན་ཡོད་ཟེར།

ཝུའུ་ཁི་ལན་གྱི་ཕྱི་འབྲེལ་བློན་ཆེན་ཁི་ལེ་མུའུ་ཅིན་གྱིས་ཉེ་སྔོན་ཡོ་རོབ་གླིང་མནའ་འབྲེལ་དང་བྱང་ཆིངས་རྩ་འཛུགས་ཀྱིས་ཝུའུ་ཁི་ལན་ལ་དམག་དོན་རོགས་སྐྱོར་བྱེད་པའི་རེ་བཏོན་པའི་གནད་དོན་ཐད་ནས་ལཱ་ཧྥུའུ་ལོ་ཧྥུའུ་ཡིས་བསྟན་དོན། ཡོ་རོབ་གླིང་མནའ་འབྲེལ་དང་བྱང་ཆིངས་རྩ་འཛུགས་ཀྱིས་ཝུའུ་ཁི་ལན་ལ་དམག་དོན་རོགས་སྐྱོར་བྱེད་པའི་བྱེད་ཐབས་དེ་ཝུའུ་ཁི་ལན་གྱིས་འཁྲུག་རྩོད་མཚམས་འཇོག་པ་དང་གྲོས་མོལ་བྱེད་པར་གནོད་པ་ཡོད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག