མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

འཇར་པན་གྱིས་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་ལ་མཚོན་ཆ་ཕྱིར་འཚོང་བྱས་ཏེ་འཇར་པན་གྱི་བདེ་འཇགས་ཁོར་ཡུག་ལེགས་བཅོས་བྱེད་འདོད་ཡོད་ཅེས་བསྟན།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-08-19 11:08

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཇར་པན་སྲིད་གཞུང་གི་འབྲེལ་ཡོད་མི་སྣས་ཚེས་བཅུ་བདུན་ཉིན་བཤད་རྒྱུར། སྲིད་གཞུང་གིས་ཟླ་དགུ་བའི་ཟླ་མཇུག་ལ་རྒྱལ་ས་ཏུང་ཅིན་ནས་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་བར་ཞིབ་བསྡུར་གྲོས་ཚོགས་བསྡུས་ཏེ། འཇར་པན་གྱིས་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་དག་ལ་འགོག་སྲུང་སྒྲིག་ཆས་ཕྱིར་གཏོང་བྱེད་པའི་དོན་ལ་གྲོས་བསྡུར་བྱེད་རྩིས་ཡོད་ཟེར།

ད་ལོའི་ཟླ་བཞི་བར། འཇར་པན་སྲིད་གཞུང་གིས་འབྲེལ་ཡོད་མཚོན་ཆ་དང་ལག་རྩལ་ཕྱིར་གཏོང་གི་སྒྲིག་སྲོལ་གསར་བར་བརྟེན་ནས་འགོག་སྲུང་སྒྲིག་ཆས་ཕྱིར་གཏོང་བྱེད་པའི་རྩ་དོན་གསུམ་ལ་གྲོས་འཆམ་བྱུང་། འཇར་པན་གསར་འགྱུར་ལས་རིགས་ཀྱིས་བལྟས་ན། ཟླ་དགུ་བའི་ཞིབ་བསྡུར་ཚོགས་འདུ་དེ་ནི་རྩ་དོན་གསུམ་གཏན་འཁེལ་བྱས་རྗེས་འཇར་པན་སྲིད་གཞུང་གིས་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་བར་འགོག་སྲུང་སྒྲིག་ཆས་ཕྱིར་གཏོང་ཐད་ནས་སྤེལ་བའི་དངོས་གཞིའི་གྲོས་མོལ་ཐོག་མ་རེད།

ཞིབ་བསྡུར་ཚོགས་འདུ་ནས་རྒྱ་མཚོའི་བདེ་འཇགས་འགན་སྲུང་དེ་གྲོས་གཞི་གཙོ་བོར་བྱེད་རྒྱུ་ཡིན་པ་དང་། ཞིབ་བསྡུར་ཚོགས་འདུའི་སྐབས་སུ། འཇར་པན་གྱིས་མཚོན་ཆའི་ཕྱིར་གཏོང་སྲིད་ཇུས་ཐད་ནས་གསལ་བཤད་བྱེད་པ་དང་། རྒྱལ་ཁབ་སོ་སོའི་བར་གྱི་བསམ་འཆར་དང་རེ་བར་ཉན་པ། ཞོར་དུ་འཇར་པན་གྱིས་བཟོས་པའི་གྲུ་གཟིངས་དང་གནམ་གྲུས་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་རྒྱལ་ཁབ་དག་གིས་བདེ་འཇགས་ལ་ཤུགས་སྣོན་པར་ཇི་ལྟར་རོགས་རམ་བྱེད་པ་མཚམས་སྦྱོར་བྱེད་རྒྱུ་རེད།

འཇར་པན་སྲིད་གཞུང་གིས་བལྟས་ན། གལ་ཏེ་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་རྒྱལ་ཁབ་དག་གི་འགོག་སྲུང་ནུས་པ་ཇེ་དྲག་ཏུ་གཏོང་ཐུབ་ན་འཇར་པན་གྱི་བདེ་འཇགས་ཁོར་ཡུག་ལའང་ལེགས་བཅོས་ཐོབ་སྲིད་པར་བསམ་ཡོད།

བསྒྲགས་པའི་གནས་ཚུལ་ལྟར་ན། འཇར་པན་གྱིས་དོན་དམ་དུ་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་རྒྱལ་ཁབ་དག་ལ་མཚོན་ཆ་ཕྱིར་གཏོང་མ་བྱས་གོང་། ངེས་པར་དུ་རྒྱལ་ཁབ་སོ་སོའི་བར་འགོག་སྲུང་སྒྲིག་ཆས་བརྒྱུད་སྤྲོད་ཀྱི་གྲོས་མུན་འགོད་དགོས་པ་རེད། ཞིབ་བསྡུར་ཚོགས་འདུའི་རྗེས་སུ། འཇར་པན་གྱིས་འཇར་པན་ནས་སྒྲིག་ཆས་ནང་འདྲེན་བྱེད་པའི་རྒྱལ་ཁབ་བར་གྲོས་མཐུན་དེ་རིགས་འགོད་པར་གྲོས་མོལ་བྱེད་རྩིས་ཡོད་པ་རེད།

ད་ལྟ། འཇར་པན་གྱིས་ཨ་མེ་རི་ཁ་དང་། དབྱིན་ཇི། ཨོ་སི་ཁྲུ་ལི་ཡཱ་བཅས་ཀྱི་བར་འགོག་སྲུང་སྒྲིག་ཆས་བརྒྱུད་སྤྲོད་ཀྱི་གྲོས་མཐུན་བཀོད་ཡོད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག