མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨ་ཧྥེ་རི་ཁའི་ལྷོ་ཕྱོགས་འཕེལ་རྒྱས་ཐུན་མོང་ཚོགས་པས་ས་ཁོངས་རང་གི་རང་བྱུང་ཐོན་ཁུངས་བེད་སྤྱོད་གང་ལེགས་བྱེད་དགོས་པའི་འབོད་སྐུལ་བཏང་།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-08-18 10:49

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་ཧྥེ་རི་ཁའི་ལྷོ་ཕྱོགས་འཕེལ་རྒྱས་ཐུན་མོང་ཚོགས་པའི་གསར་དུ་འགན་ཁུར་བའི་རེས་སྐོར་ཀྲུའུ་ཞི། ཙེམ་པབ་ཝེ་རྒྱལ་ཁབ་ཀྱི་ཙུང་ཐུང་མུའུ་ཅཱ་པེ་ཡིས་ཚེས་བཅུ་བདུན་ཉིན་ཨ་ཧྥེ་རི་ཁའི་ལྷོ་ཕྱོགས་འཕེལ་རྒྱས་ཐུན་མོང་ཚོགས་པའི་མགོ་གཙོའི་གྲོས་ཚོགས་སྟེང་གཏམ་བཤད་སྤེལ་ཏེ། ས་ཁོངས་རང་གི་ཕུན་སུམ་ཚོགས་པའི་རང་བྱུང་ཐོན་ཁུངས་བེད་སྤྱོད་གང་ལེགས་བྱེད་དགོས་པའི་འབོད་སྐུལ་བཏང་།

མུའུ་ཅཱ་པེ་ཡིས་ཉིན་དེར་ཚོགས་མགོ་བརྩམས་པའི་ཨ་ཧྥེ་རི་ཁའི་ལྷོ་ཕྱོགས་འཕེལ་རྒྱས་ཐུན་མོང་ཚོགས་པའི་མཐོ་རིམ་གྲོས་ཚོགས་སྐབས་སོ་བཞི་བའི་སྟེང་མཱ་ལཱ་ཝེ་རྒྱལ་ཁབ་ཀྱི་ཙུང་ཐུང་མུའུ་ཐཱ་ལི་ཁཱའི་ཚབ་ཏུ་ཨ་ཧྥེ་རི་ཁའི་ལྷོ་ཕྱོགས་འཕེལ་རྒྱས་ཐུན་མོང་ཚོགས་པའི་རེས་སྐོར་ཀྲུའུ་ཞི་གསར་བའི་འགན་ཁུར། མུའུ་ཅཱ་པེ་ཡིས་བཤད་རྒྱུར། ཨ་ཧྥེ་རི་ཁའི་ལྷོ་ཕྱོགས་འཕེལ་རྒྱས་ཐུན་མོང་ཚོགས་པའི་ས་ཁོངས་སུ་ཕུན་སུམ་ཚོགས་པའི་རང་བྱུང་ཐོན་ཁུངས་ཡོད་པ་དང་། ཐོན་ཁུངས་དེ་གསར་སྤེལ་དང་བེད་སྤྱོད་གང་ལེགས་བྱས་ཏེ་ཐོན་རྫས་ཀྱི་ཟུར་སྣོན་རིན་གོང་ཇེ་མཐོར་གཏོང་དགོས་ཟེར།

མུའུ་ཅཱ་པེ་ཡིས་བཤད་རྒྱུར། ཨ་ཧྥེ་རི་ཁའི་ལྷོ་ཕྱོགས་འཕེལ་རྒྱས་ཐུན་མོང་ཚོགས་པས་མ་བཅོས་རྒྱུ་ཆ་ཕྱིར་གཏོང་བྱེད་པའི་རྣམ་པ་བསྐྱུར་ཏེ་ཟུར་སྣོན་རིན་གོང་གི་ཐོན་ལས་མུ་འབྲེལ་བཙུགས་ཤིང་མ་བཅོས་རྒྱུ་ཆ་དེ་ལས་སྣོན་བྱས་རྗེས་ཕྱིར་གཏོང་བྱེད་པའི་ཐབས་ལ་བརྩོན་དགོས་ཟེར།

སྐབས་འདིའི་ཚོགས་ཡུན་ཉིན་གཉིས་ཡིན་པའི་གྲོས་ཚོགས་དེ་ཙེམ་པབ་ཝེའི་ཝེ་ཏའོ་ལེ་ཡཱ་འབབ་ཆུའི་མཁར་གྲོང་ནས་སྤེལ་བ་དང་། བརྗོད་སྙིང་ནི་ཨ་ཧྥེ་རི་ཁའི་ལྷོ་ཕྱོགས་འཕེལ་རྒྱས་ཐུན་མོང་ཚོགས་པའི་དཔལ་འབྱོར་རྣམ་པ་བསྒྱུར་བའི་ཐབས་ཇུས་ཡིན།

ཨ་ཧྥེ་རི་ཁའི་ལྷོ་ཕྱོགས་འཕེལ་རྒྱས་ཐུན་མོང་ཚོགས་པར་ད་ལྟ་ཁོངས་གཏོགས་རྒྱལ་ཁབ་བཅོ་ལྔ་ཡོད་ཅིང་། དེའི་དམིགས་ཡུལ་ནི་འདྲ་མཉམ་དང་གཉིས་ཕན། དོ་མཉམ་གྱི་རྨང་གཞིའི་སྟེང་སྒོ་འབྱེད་རང་བཞིན་གྱི་དཔལ་འབྱོར་འཛུགས་སྐྲུན་བྱེད་པ་དང་། སྒོ་ཁྲལ་གྱི་བཀག་རྒྱ་གཏོར་ནས་ཕན་ཚུན་བར་གྱི་ཉོ་ཚོང་དང་དངུལ་གཏོང་ལ་ཡར་སྐུལ་བྱས་ཏེ། མི་སྣ་དང་དངོས་ཟོང་། ངལ་རྩོལ་བཅས་ཀྱི་རང་དབང་འགྲོ་འོང་མངོན་འགྱུར་བྱས་ནས། རིམ་བཞིན་སྒོ་ཁྲལ་དང་དངུལ་ལོར་གཅིག་གྱུར་བྱས་ཏེ་མཇུག་མཐར་ས་ཁུལ་དཔལ་འབྱོར་གྱི་གཞི་གཅིག་ཅན་མངོན་འགྱུར་བྱེད་པའི་ཆེད་དུ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག