མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨོ་པཱ་མཱ་ཡིས་ཨ་མེ་རི་ཁའི་དམག་དཔུང་སྐོར་ཞིག་དབྱི་རག་ནས་ཕྱིར་འཐེན་བྱེད་རྒྱུ་ཡིན་པར་བཤད།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-08-16 12:09

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་ཙུང་ཐུང་ཨོ་པཱ་མཱ་ཡིས་ཚེས་བཅུ་བཞིའི་ཉིན་ཁྱབ་སྒྲོག་བྱས་དོན། དབྱི་རག་བྱང་ཕྱོགས་ཀྱི་ཞིན་ཅཱ་ཨར་རི་ཁུལ་དུ་དཔྱད་འཇོག་ལས་འགན་ལག་བསྟར་བྱེད་པར་མངག་པའི་ཨ་མེ་རི་ཁའི་དམག་དཔུང་མང་ཆེ་བ་ཉེ་སྔོན་ཕྱིར་འཐེན་བྱེད་རྒྱུ་ཡིན་པ་དང་། ཨ་མེ་རི་ཁའི་ཕྱོགས་ཀྱིས་འགུལ་སྐྱོད་སྤེལ་ནས་རི་ཁུལ་དུ་བཀག་ཡོད་པའི་དབྱི་རག་གི་མི་སེར་དཀྱུས་མ་སྐྱོབ་པའམ་མུ་མཐུད་དུ་རི་ཁུལ་དུ་ཟས་རིགས་དང་འཐུང་ཆུ་སྟེར་མི་སྲིད་ཟེར།

ཨ་མེ་རི་ཁའི་མཱ་སཱ་ཀྲུའུ་སེ་ཀྲིག་གི་མཱ་སཱ་རྒུན་འབྲུམ་གླིང་ཀར་ངལ་གསོ་བྱེད་བཞིན་པའི་ཨོ་པཱ་མཱ་ཡིས་གཏམ་བཤད་སྤེལ་ཏེ། ཨ་མེ་རི་ཁིའི་མི་སྣས་ཚེས་བཅུ་གསུམ་ཉིན་ཞིན་ཅཱ་ཨར་རི་ཁུལ་གྱི་ད་ལྟའི་གནས་ཚུལ་ལ་དཔྱད་འཇོག་བྱེད་པའི་བྱ་བ་ཡོངས་འགྲུབ་བྱས། ཨ་མེ་རི་ཁའི་དམག་དཔུང་སོགས་ཀྱིས་བར་སྣང་ནས་འཕང་བའི་ཟས་རིགས་དང་འཐུང་ཆུ་སོགས་དབྱི་རག་གི་མི་སེར་དཀྱུས་མའི་ལག་ཏུ་འབྱོར་ཡོད་པ་དང་། རི་ཁུལ་ནས་དགོང་རེར་མི་སྟོང་ཕྲག་འགའ་རེ་བདེ་འཇགས་ངང་གནས་གཞན་དུ་འགྲོ་བཞིན་ཡོད་ཟེར།

ཨོ་པཱ་མཱ་ཡིས་བཤད་རྒྱུར། ཞིན་ཅཱ་ཨར་རི་ཁུལ་གྱི་གནས་ཚུལ་ལ་ལེགས་བཅོས་ཆེན་པོ་བྱུང་ཡོད་པ་དང་། ཨ་མེ་རི་ཁའི་དམག་དཔུང་གིས་ཐལ་སྤྱོད་རྩ་འཛུགས་ཀྱི་བཀག་རྒྱ་གཏོར་ཡོད་པས། ཨ་མེ་རི་ཁས་རི་ཁུལ་གྱི་མི་གནས་གཞན་དུ་སྐྱེལ་བའི་འགུལ་སྐྱོད་སྤེལ་མི་སྲིད་ལ། མུ་མཐུད་དུ་རི་ཁུལ་དུ་མི་ཆོས་རིང་ལུགས་ཀྱི་རྒུད་སྐྱོབ་དངོས་རྫས་སྟེར་མི་སྲིད་ལ། དཔྱད་འཇོག་ལས་འགན་ལག་བསྟར་བྱེད་པའི་དམག་དོན་མི་སྣ་མང་ཤོས་ཉེ་སྔོན་དབྱི་རག་དང་ཁ་འབྲལ་རྒྱུ་ཡིན་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག