མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨུ་རུ་སི་ཡིས་ཝུའུ་ཁི་ལན་ཤར་ལྷོའི་ས་ཁུལ་གྱི་འཁྲུག་རྩོད་མཚམས་བཞག་སྟེ་མི་ཆོས་རིང་ལུགས་རོགས་སྐྱོར་གྱི་བདེ་འཇགས་ལ་འགན་སྲུང་བྱེད་དགོས་པའི་འབོད་སྐུལ་བཏང་།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-08-16 12:09

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡིས་ཚེས་བཅུ་བཞིའི་ཉིན་གསལ་སྒྲོག་སྤེལ་ཏེ། ཝུའུ་ཁི་ལན་ཤར་ལྷོའི་ས་ཁུལ་གྱི་དགྲ་རུ་ལངས་པའི་ཕྱོགས་ཁག་གཉིས་ཀྱིས་མྱུར་དུ་འཁྲུག་རྩོད་མཚམས་བཞག་སྟེ། མི་ཆོས་རིང་ལུགས་རོགས་སྐྱོར་གྱི་རླངས་འཁོར་རུ་ཁག་གི་བདེ་འཇགས་ལ་འགན་སྲུང་བྱེད་དགོས་པའི་འབོད་སྐུལ་བཏང་།

གསལ་སྒྲོག་ལ་བཤད་རྒྱུར། འཁྲུག་རྩོད་མཚམས་འཇོག་པ་དེ་མི་འགྱངས་པར་ཝུའུ་ཁི་ལན་གྱི་མངའ་ཁོངས་ནས་སྤེལ་རྒྱུ་ཡིན་པའི་མི་ཆོས་རིང་ལུགས་འགུལ་སྐྱོད་ཀྱི་བདེ་འཇགས་ཀྱི་དགོས་ངེས་ཀྱི་འགན་སྲུང་ཡིན་པ་དང་། འཁྲུག་རྩོད་ཕྱོགས་ཁག་གཉིས་ཀྱིས་དེང་སྐབས་ཡོད་འོས་པའི་ཆབ་སྲིད་ཀྱི་འདོད་བློ་བསྟན་ནས། འཁྲུག་རྩོད་ཀྱི་གནོད་པ་ཐེབས་པའི་ས་ཁུལ་གྱི་སྡོད་དམངས་དག་གི་དཀའ་ཁག་ཞི་འཇགས་སུ་གཏོང་དགོས་ཟེར།

ཉིན་དེའི་ཞོགས་པར། ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡིས་སྤྱི་སྒྲོག་སྤེལ་ཏེ། ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ཝུའུ་ཁི་ལན་གྱིས་གྲོས་གཞི་བཏོན་པ་དང་ཝུའུ་ཁི་ལན་གྱི་ཕྱི་འབྲེལ་བློན་ཆེན་ཁི་ལེ་མུའུ་ཅིན་ལ་ཁ་པར་བཏང་སྟེ། གང་མགྱོགས་ཀྱིས་ཝུའུ་ཁི་ལན་ཤར་ལྷོའི་ས་ཁུལ་གྱི་སྡོད་དམངས་ལ་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་བྱེད་པའི་བྱེ་བྲག་གི་གནད་དོན་ལ་གྲོས་བསྡུར་བྱས། ཝུའུ་ཁི་ལན་གྱི་སྲིད་གཞུང་དམག་དཔུང་དང་དམངས་ཁྲོད་དྲག་ཆས་པས་མི་འགྱངས་པར་སྤེལ་རྒྱུ་ཡིན་པའི་མི་ཆོས་རིང་ལུགས་ཀྱི་འགུལ་སྐྱོད་ལ་བདེ་འཇགས་འགན་སྲུང་བྱེད་པར་དམིགས་བསལ་གྱི་དོན་སྙིང་ལྡན་པར་འདོད།

གཞན་ཡང་བསྒྲགས་པའི་གནས་ཚུལ་ལྟར་ན། རྒྱ་གྲམ་དམར་པོ་རྒྱལ་སྤྱིའི་ཨུ་ཡོན་ལྷན་ཁང་གི་འཐུས་མིས་ཚེས་བཅུ་བཞིའི་ཉིན་ཝུའུ་ཁི་ལན་ཤར་ལྷོའི་ཕྱོགས་དང་འབྲེལ་བའི་ཨུ་རུ་སིའི་ལོ་སི་ཐའོ་ཧྥུའུ་ཀྲིག་ནས་ཨུ་རུ་སིའི་མི་ཆོས་རིང་ལུགས་རོགས་སྐྱོར་གྱི་རླངས་འཁོར་རུ་ཁག་ལ་ཐོག་མར་ཐུག་འཕྲད་བྱས། མི་ཆོས་རིང་ལུགས་རོགས་སྐྱོར་གྱི་རླངས་འཁོར་རུ་ཁག་དེ་ཚེས་བཅུ་གཉིས་ཉིན་གྱི་ཞོགས་པར་མའོ་སི་ཁི་ཀྲིག་ནས་ལམ་དུ་ཆས་ཏེ་ཝུའུ་ཁི་ལན་གྱི་ཤར་ལྷོའི་ས་ཁུལ་དུ་སོང་། མིག་སྔར་རླངས་འཁོར་རུ་ཁག་དེ་ལོ་སི་ཐའོ་ཧྥུའུ་ཀྲིག་ལ་འབྱོར་ཡོད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག