མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ལྗར་པན་གསར་འགྱུར་ལས་རིགས་ཀྱིས་ཨོ་པ་མས་ཀྲུང་གོས་རྒྱལ་སྤྱིའི་བདེ་འཇགས་ཐད་གཞན་ལ་བརྟེན་གྱི་ཡོད་ཅེས་བཤད་པ་ནི་འཚམ་པོ་མེད་པ་ཞིག་རེད་ཅེས་བསྟན་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-08-16 12:09

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ལྗར་པན་གྱི་ཕྱི་འབྲེལ་མཁས་དབང་དྲ་ཚིགས་ཐོག་སྤྱི་ཚེས13ཉིན་འགོ་བརྗོད་དུ་ཀྲུང་གོས་རྒྱལ་སྤྱིའི་བདེ་འཇགས་ཐད་གཞན་ལ་བརྟེན་གྱི་མེད་ཅེས་བཀོད་པའི་རྩོམ་ཡིག་ཅིག་སྤེལ་ཡོད་པ་དང་། ལྟ་སྟངས་མང་པོའི་ཐོག་ནས་ཨ་རིའི་ཙུང་ཐུང་ཨོ་པ་མས་ཉིན་ཤས་གོང་ཀྲུང་གོར་སྐྱོན་འཛུགས་བྱས་པར་སྐྱོན་བརྗོད་བྱས་ཡོད་པ་རེད།

ཨོ་པ་མས་སྤྱི་ཚེས8ཉིན་ཨ་རིའི་ནིའུ་ཡོག་སྐབས་དོན་ཚགས་པར་གྱི་ཆེད་དོན་བཅར་འདྲི་དང་ལེན་གནང་ནས་དབྱི་རག་གི་གནད་དོན་སྐོར་གླེང་སྐབས། ཨོ་པ་མས་ཨ་རིས་དབྱི་རག་གི་ས་ཐོག་དམིགས་འབེན་ལ་མཁའ་ཐོག་འཇབ་རྒོལ་བྱས་པར་ཚབ་བྱེད་ཐབས་མེད་པའི་དམིགས་བསལ་གྱི་ནུས་པ་ཐོན་ཡོད་ཅེས་རང་བསྟོད་བྱས་པ་ཕུད། ཀྲུང་གོས་འདས་ཟིན་པའི་ལོ་ངོ་༣༠ནང་ཐོག་མཐའ་བར་གསུམ་དུ་རྒྱལ་སྤྱིའི་བདེ་འཇགས་ཐད་གཞན་ལ་བརྟེན་གྱི་ཡོད་པའི་གཏམ་བཤད་སྤེལ་ཡོད། དེའི་ཐད། ལྗར་པན་གྱི་ཕྱི་འབྲེལ་མཁས་དབང་དྲ་ཚིགས་ཐོག་རྩོམ་ཡིག་སྤེལ་ནས་ཤོད་སྟངས་དེ་ནི་གཞུང་དྲང་མིན་པ་དང་། ནོར་འཁྲུལ་གྱི་ཁྲིད་སྟོན་རང་བཞིན་ལྡན་ཡོད་པའི་ངོས་འཛིན་བྱས་ཡོད་པ་རེད།

རྩོམ་ཡིག་ནང་སྔོན་ལ། དབྱི་རག་ནས་རྡོ་སྣུམ་ནང་འདྲེན་བྱེད་པ་དེ་ཀྲུང་གོ་དང་དབྱི་རག་རྒྱལ་ཁབ་གཉིས་པོའི་ངོས་ནས་བརྗོད་ན་གཉིས་ཀར་ཕན་པའི་བྱ་བ་ཞིག་ཡིན་པ་དང་། དེས་རྐྱེན་པས་ཀྲུང་གོ་ནི་དབྱི་རག་དམག་འཁྲུག་ཁྲོད་ཕན་པ་ཐོབ་མཁན་ཆེ་ཤོས་ཤིག་ཡིན་ཞེས་བརྗོད་རྒྱུ་མེད་པ་མ་ཟད། ཀྲུང་གོས་དབྱི་རག་ཏུ་བྱས་པའི་མ་འཇོག་རྣམ་གྲངས་ཁག་གིས་དོན་དངོས་ཐོག་དབྱི་རག་གི་བརྟན་ལྷིང་ལ་ཕན་ཐོགས་ཡོད་པ་དང་། དེའང་ཨ་རིའི་ཁེ་ཕན་དང་མཐུན་པ་ཞིག་ཡིན་ཞེས་བསྟན་ཡོད་པ་དང་།

རྩོམ་ཡིག་ནང་། ཨ་རིས་སྤྱི་ལོ2003ལོར་དབྱི་རག་ལ་བརྩན་འཛུལ་བྱས་པ་དེ་ནི་ཧ་ཅང་ནོར་འཁྲུལ་གྱི་གཏན་འབེབས་ཞིག་ཡིན། དེར་གཞིགས་ནས། ཨ་རིས་དབྱི་རག་གི་མིག་སྔའི་གནས་བབ་ཐད་འགན་གཙོ་བོ་འཁུར་དགོས་ཀྱི་ཡོད་པའི་ངོས་འཛིན་གནང་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག