མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨ་མེ་རི་ཁའི་དམག་དཔུང་གི་ཇུས་འདོན་པའི་མཉམ་ཞུགས་གྲོས་ཚོགས་ཀྱི་ཀྲུའུ་ཞི་ཡིས་ཡོ་ནན་དུ་འཚམས་འདྲི་བྱས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-08-15 11:12

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཡོ་ནན་མི་དམངས་དམག་དཔུང་གི་སྤྱིའི་ཇུས་འདོན་པ་ཏུའུ་པའོ་སི་ཡིས་ཚེས་བཅུ་བཞིའི་ཉིན་རྒྱལ་ས་ཧི་ནེ་ནས་འཚམས་འདྲིར་ཡོང་བའི་ཨ་མེ་རི་ཁའི་དམག་དཔུང་གི་ཇུས་འདོན་པའི་མཉམ་ཞུགས་གྲོས་ཚོགས་ཀྱི་ཀྲུའུ་ཞི་ཏིན་ཕུའུ་ཞི་དང་དེའི་ཁྲིད་པའི་ཨ་མེ་རི་ཁའི་དམག་དཔུང་གི་མཐོ་རིམ་འཐུས་ཚབ་ཚོགས་པར་ཐུག་འཕྲད་བྱས་ཏེ་གྲོས་མོལ་བྱས། དེ་ནི་གཅིག་སྟོང་དགུ་བརྒྱ་དོན་གཅིག་ལོའི་ཚུན་གྱི་ལོ་ངོ་ཞེ་གསུམ་རིང་ཨ་མེ་རི་ཁའི་དམག་དཔུང་གི་ཇུས་འདོན་པའི་མཉམ་ཞུགས་གྲོས་ཚོགས་ཀྱི་ཀྲུའུ་ཞི་ཡིས་ཐོག་དང་པོར་ཡོ་ནན་དུ་འཚམས་འདྲི་བྱས་པ་རེད།

ཡོ་ནན་རྒྱལ་སྲུང་པུའུ་ཡིས་ཚེས་བཅུ་བཞིའི་ཉིན་གསར་འགྱུར་སྤྱི་སྒྲོག་སྤེལ་ཏེ། ཏིན་ཕུའུ་ཞི་ཡི་ཐེངས་འདིའི་འཚམས་འདྲི་དེ་རྒྱལ་ཁབ་གཉིས་ཀྱི་མི་དམངས་དང་དམག་དཔུང་བར་གྱི་མཛའ་མཐུན་འབྲེལ་བ་ཇེ་ཟབ་ཏུ་གཏོང་བར་ཕན་པ་ཡོད་པ་དང་། རྒྱལ་ཁབ་གཉིས་ཀྱིས་ཕྱོགས་ཡོངས་ཀྱི་གྲོགས་པོའི་འབྲེལ་བ་འཛུགས་པར་འཚམ་པ་རེད་ཟེར། འཚམས་འདྲིའི་སྐབས་སུ། ཕྱོགས་གཉིས་ཀྱིས་ཕན་ཚུན་གྱི་འགོག་སྲུང་མཉམ་ལས་བརྗེད་ཐོ་གཞིར་བཟུང་སྟེ་རྒྱལ་ཁབ་གཉིས་ཀྱི་འདས་པའི་འགོག་སྲུང་མཉམ་ལས་ཀྱི་མཇུག་འབྲས་ལ་གདེང་འཇོག་བྱེད་པ་དང་ཕྱིན་ཆད་ཀྱི་མཉམ་ལས་ཁ་ཕྱོགས་ལ་ཐུན་མོང་གི་ལྟ་ཚུལ་འགོད་རྒྱུ་ཡིན་པ་དང་། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དང་རྒྱལ་སྲུང་འབྲེལ་བར་དཔྱད་འཇོག་བྱེད་པ། མཉམ་ལས་ཁ་ཕྱོགས་གཅིག་གྱུར་བྱས་ཏེ་རང་བྱུང་གནོད་འཚེའི་རྒུད་སྐྱོབ་དང་གསོ་སྦྱོང་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་རེད།

ཏུའུ་པའོ་སི་ཡིས་གདན་དྲངས་པ་ལྟར། ཏིན་ཕུའུ་ཞི་འཁོར་དང་བཅས་པས་ཚེས་བཅུ་གསུམ་ཉིན་ནས་བཟུང་ཡོ་ནན་ལ་དུས་ཡུན་ཉིན་བཞིའི་དངོས་གཞིའི་འཚམས་འདྲི་བྱེད་མགོ་བརྩམས། དེ་ནི་ཉིས་སྟོང་བཅུ་གསུམ་ལོའི་ཟླ་དྲུག་པར་ཏུའུ་པའོ་སི་ཡིས་ཨ་མེ་རི་ཁར་དངོས་གཞིའི་འཚམས་འདྲི་བྱས་རྗེས། ཨ་མེ་རི་ཁའི་དམག་ཕྱོགས་ཀྱིས་ཐོག་དང་པོར་ཡོ་ནན་ལ་འཚམས་འདྲི་བྱས་པ་རེད། འཚམས་འདྲིའི་སྐབས་སུ། ཏིན་ཕུའུ་ཞི་འཁོར་དང་བཅས་པས་ཡོ་ནན་སྲིད་གཞུང་གི་ཙུང་ལི་རོན་ཅིན་ཡུང་དང་། རྒྱལ་སྲུང་བློན་ཆེན་ཧྥུན་ཀོང་ཆིན་སོགས་མགོ་ཁྲིད་པར་ཐུག་འཕྲད་བྱེད་རྒྱུ་མ་ཟད། ཡོ་ནན་དབུས་ཕྱོགས་ཀྱི་གྲོང་ཁྱེར་ཞན་ཀང་སོགས་ལ་འཚམས་འདྲི་བྱེད་རྒྱུའི་འཆར་གཞི་ཡོད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག