མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཝུའུ་ཁི་ལན་གྱིས་ཨུ་རུ་སིའི་ནུས་ཁུངས་རང་གི་མངའ་ཁོངས་བརྒྱུད་ནས་སྐྱེལ་འདྲེན་བྱེད་པར་གཏན་འགོག་བྱས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-08-15 11:12

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཝུའུ་ཁི་ལན་གྲོས་ཁང་གིས་ཚེས་བཅུ་བཞིའི་ཉིན་ཨུ་རུ་སི་ལ་བཀག་སྡོམ་བྱེད་པའི་བྱེད་ཐབས་རབ་དང་རིམ་པར་གྲོས་མཐུན་བཀོད་དེ། ཨུ་རུ་སི་ཡིས་ཝུའུ་ཁི་ལན་གྱི་མངའ་ཁོངས་བརྒྱུད་ནས་ཡོ་རོབ་གླིང་ལ་ནུས་ཁུངས་སྐྱེལ་འདྲེན་བྱེད་པར་གཏན་འགོག་བྱས།

བསྒྲགས་པའི་གནས་ཚུལ་ལྟར་ན། བཀག་སྡོམ་བྱེད་ཐབས་འཆར་ཟིན་དེ་ཝུའུ་ཁི་ལན་སྲིད་གཞུང་གིས་ཚེས་བཅུ་གཉིས་ཉིན་གྲོས་ཁང་ལ་གྲོས་ཞིབ་བྱེད་པར་སྤྲད་པ་ཡིན་ཞིང་། ནང་དོན་ལ་ཨུ་རུ་སིའི་ནུས་ཁུངས་རང་གི་མངའ་ཁོངས་བརྒྱུད་ནས་སྐྱེལ་འདྲེན་བྱེད་པར་གཏན་འགོག་བྱེད་པ་དང་། མཁའ་ལམ་དང་སྐམ་སའི་ལམ་གྱི་རྒྱལ་ཁོངས་བརྒལ་བའི་སྐྱེལ་འདྲེན་ལ་ཚོད་འཛིན་བྱེད་པ། ཉོ་ཚོང་བྱ་འགུལ་ལ་ཚོད་འཛིན་བྱེད་པ། དངུལ་བུན་སྐྱིན་ཚབ་སྤྲོད་མཚམས་འཇོག་པ། འགོག་སྲུང་མཉམ་ལས་མཚམས་འཇོག་པ། ཨུ་རུ་སིའི་ཁེ་ལས་ཁག་ཅིག་གི་ཝུའུ་ཁི་ལན་གྱི་རྒྱུ་ནོར་བཀག་འཇོག་བྱེད་པ། ཨུ་རུ་སིའི་ཁེ་ལས་ཁག་ཅིག་གིས་ཝུའུ་ཁི་ལན་ནས་གཏེར་ཁ་སྔོག་འདོན་བྱེད་པའི་དབང་ཆ་མེད་པར་བཟོ་བ་སོགས་བྱེད་ཐབས་སྣ་ཉི་ཤུ་ལྷག་འདུས་ཡོད། བཀག་སྡོམ་བྱ་ཡུལ་གཙོ་བོ་ནི་ཝུའུ་ཁི་ལན་ཤར་ཕྱོགས་ས་ཁུལ་གྱི་དམངས་ཁྲོད་དྲག་ཆས་པར་རྒྱབ་སྐྱོར་བྱེད་པའི་མི་སྒེར་བརྒྱ་དང་དོན་གཉིས་དང་། ཁེ་ལས་རེ་ལྔ་ཡིན།

ཨུ་རུ་སི་ནི་ཡོ་རོབ་གླིང་གི་ཆེས་ཆེ་བའི་རང་བྱུང་སོལ་རླངས་ཀྱི་མཁོ་འདོན་རྒྱལ་ཁབ་ཡིན་པ་དང་། ཡོ་རོབ་གླིང་གི་རང་བྱུང་སོལ་རླངས་ཀྱི་སྤྱིའི་མཁོ་ཚད་ཀྱི་བརྒྱ་ཆའི་སུམ་ཅུ་ཙམ་ཨུ་རུ་སི་ཡིས་འདོན་སྤྲོད་བྱེད་བཞིན་ཡོད། མིག་སྔར། ཨུ་རུ་སི་ཡིས་ཡོ་རོབ་གླིང་ལ་རང་བྱུང་སོལ་རླངས་སྐྱེལ་བར་ཝུའུ་ཁི་ལན་གྱི་མངའ་ཁོངས་བརྒྱུད་དགོས། ཝུའུ་ཁི་ལན་གྱིས་རང་བྱུང་སོལ་རླངས་ཀྱི་དངུལ་བུན་ཆད་ལ་བཞག་པའི་དབང་གིས་ཨུ་རུ་སི་ཡིས་ད་ལོའི་ཟླ་དྲུག་པར་ཝུའུ་ཁི་ལན་ལ་རང་བྱུང་སོལ་རླངས་སྐྱེལ་འདྲེན་བྱེད་མཚམས་བཞག་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག