མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨ་མེ་རི་ཁས་ཡང་བསྐྱར་ལེ་པཱ་ནུན་གྱི་དམག་དཔུང་ལ་མཚོན་ཆ་འདོན་སྤྲོད་བྱེད་རྒྱུ་རེད།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-08-15 11:07

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ལེ་པཱ་ནུན་དུ་སྡོད་པའི་ཨ་མེ་རི་ཁའི་གཞུང་ཚབ་པ་ཧེ་ཨར་གྱིས་ཚེས་བཅུ་བཞིའི་ཉིན་པེ་རུ་ཐི་ནས་ཁྱབ་སྒྲོག་བྱས་དོན། ཨ་མེ་རི་ཁས་ཡང་བསྐྱར་ལེ་པཱ་ནུན་གྱི་དམག་དཔུང་ལ་མཚོན་ཆ་སྐོར་ཞིག་འདོན་སྤྲོད་བྱས་ཏེ་དེའི་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་ནུས་པ་ཇེ་དྲག་ཏུ་གཏོང་རྒྱུ་ཡིན་ཟེར།

ཧེ་ཨར་གྱིས་ཉིན་དེར་ལེ་པཱ་ནུན་གྱི་ཙུང་ལི་སཱ་ལཱ་མུའུ་དང་གྲོས་མོལ་བྱས། ཧེ་ཨར་གྱིས་གྲོས་མོལ་བྱས་རྗེས་གསར་འགྱུར་ལས་རིགས་ལ་བཤད་རྒྱུར། ཨ་མེ་རི་ཁས་ནམ་རྒྱུན་ལེ་པཱ་ནུན་གྱི་རྒྱལ་ཁབ་ཀྱི་བདེ་འཇགས་དང་བརྟན་འཇགས་སྲུང་སྐྱོབ་ལ་རྒྱབ་སྐྱོར་བྱེད་བཞིན་ཡོད་པ་དང་། ལེ་པཱ་ནུན་གྱི་དམག་དཔུང་གིས་ལེ་པཱ་ནུན་ལ་སྲུང་སྐྱོབ་བྱས་ཏེ། ཐལ་སྤྱོད་རྩ་འཛུགས་ཀྱིས་དྲག་ཤུགས་འཇབ་རྒོལ་དོན་རྐྱེན་བཟོ་བར་ཆམ་ཕབ་གཏོང་ཐུབ་པར་ཡིད་ཆེས་ཡོད་ཟེར། ཁོས་བཤད་རྒྱུར། ཨ་མེ་རི་ཁས་ཉེ་སྔོན་ལེ་པཱ་ནུན་གྱི་དམག་དཔུང་ལ་དཔུང་འཇུག་དང་འགོག་སྲུང་གི་མཚོན་ཆ་སྐོར་ཞིག་འདོན་སྤྲོད་བྱས་ནས། ལེ་པཱ་ནུན་གྱི་དམག་དཔུང་གིས་རྒྱལ་མཚམས་སྲུང་བ་དང་། རྒྱལ་དམངས་ཀྱི་བདེ་འཇགས་ལ་འགན་སྲུང་བྱེད་པ། ཐལ་སྤྱོད་འཇིགས་སྐུལ་རྩ་འཛུགས་ལ་ཆམ་ཕབ་གཏོང་བའི་ནུས་པ་ཇེ་དྲག་ཏུ་གཏོང་རྒྱུ་ཡིན་ཟེར། མཚོན་ཆ་དེ་དག་ཕྱིན་ཆད་ཀྱི་གཟའ་འཁོར་འགའི་ནང་སྔ་གཞུག་ཏུ་ལེ་པཱ་ནུན་ལ་སྐྱེལ་རྒྱུ་ཡིན་ལ། མཚོན་ཆ་སྤྲོད་པའི་འགུལ་སྐྱོད་དེ་ཟླ་འགར་རྒྱུན་བསྲིང་རྒྱུ་ཡིན་ཟེར།

ཧེ་ཨར་གྱིས་ད་རུང་བཤད་རྒྱུར། ཉིས་སྟོང་དྲུག་ལོར་ལེ་པཱ་ནུན་དང་དབྱི་སི་རལ་གྱི་འཁྲུག་རྩོད་མཇུག་སྒྲིལ་རྗེས། ཨ་མེ་རི་ཁས་ལེ་པཱ་ནུན་ལ་མེ་སྒོར་ཐེར་འབུམ་གཅིག་གི་དམག་དོན་རོགས་སྐྱོར་བྱས་པ་ཡིན། ན་ནིང་ཟླ་བཅུ་བའི་ཚུན་ལ་རིན་ཐང་མེ་སྒོར་དུང་ཕྱུར་གཅིག་དང་བྱེ་བ་གཉིས་ཡོད་པའི་མཚོན་ཆ་འདོན་སྤྲོད་བྱས་པ་ཡིན། ཕྱིན་ཆད་ཀྱི་ཟླ་ངོ་འགའི་རིང་། ཨ་མེ་རི་ཁས་ལེ་པཱ་ནུན་ལ་རོགས་སྐྱོར་སྔར་ལས་མང་བོ་བྱེད་རྒྱུ་ཡིན་ཟེར།

རྒྱུས་ལོན་བྱུང་བ་ལྟར་ན། ཨ་མེ་རི་ཁ་ནི་ལེ་པཱ་ནུན་གྱི་དམག་དཔུང་ལ་ཐལ་སྤྱོད་རྩ་འཛུགས་ཀྱི་འཇབ་རྒོལ་ཐེབས་རྗེས་དམག་དོན་རོགས་སྐྱོར་བྱེད་པའི་རྒྱལ་ཁབ་གཉིས་པ་རེད། ཚེས་དྲུག་ཉིན། སོ་ཏི་ཨ་རབ་རྒྱལ་ཁབ་ཀྱིས་ལེ་པཱ་ནུན་གྱི་དམག་དཔུང་དང་བདེ་འཇགས་དམག་དཔུང་ལ་མེ་སྒོར་ཐེར་འབུམ་གཅིག་གི་ཞལ་འདེབས་མ་དངུལ་འདོན་སྤྲོད་བྱས་ཏེ། མཚོན་ཆ་ཉོས་ནས་དམག་དཔུང་གི་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་ནུས་པ་ཇེ་མཐོར་གཏོང་བའི་ཐད་བཀོལ་རྒྱུ་ཐག་བཅད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག