མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཅིན་ཀྲིན་ཨིན་དང་ཕུའུ་ཅིན་གྱིས་ཕན་ཚུན་ལ་གློག་འཕྲིན་བཏང་སྟེ་ཁྲའོ་ཞན་མི་རིགས་ཀྱི་བཅིངས་འགྲོལ་ཉིན་མོར་རྟེན་འབྲེལ་ཞུས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-08-15 11:07

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཚེས་བཅུ་གཉིས་ཉིན་ཁྲའོ་ཞན་གྱི་ཆེས་མཐོའི་མགོ་ཁྲིད་པ་ཅིན་ཀྲིན་ཨིན་ལ་རྟེན་འབྲེལ་གློག་འཕྲིན་བཏང་སྟེ། ཁྲའོ་ཞན་གྱི་བཅིངས་འགྲོལ་ཉིན་མོར་རྟེན་འབྲེལ་ཞུས། ཁོས་ད་རུང་ཅིན་ཀྲིན་ཨིན་གྱི་ལུས་ཕུང་བདེ་ཐང་ཡོང་བ་དང་། ཁྲའོ་ཞན་མི་དམངས་ཀྱི་འཚོ་བར་བདེ་སྐྱིད་ལྡན་པའི་སྨོན་འདུན་ཞུས།

ཕུའུ་ཅིན་གྱིས་བསྟན་དོན། ཨུ་རུ་སི་དང་ཁྲའོ་ཞན་གྱིས་ཛ་དྲག་ཆེ་བའི་འཐབ་འཁྲུག་གི་ལོ་ཟླའི་ནང་མཛའ་བརྩེ་ཟབ་མོ་བཙུགས་ཡོད་ལ། ཕན་ནུས་ལྡན་པའི་སྒོ་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ལ་ཡར་སྐུལ་གཏོང་བའི་རྨང་གཞིར་གྱུར་ཡོད། རྒྱལ་ཁབ་གཉིས་ཀྱིས་མཉམ་དུ་འབད་བརྩོན་བྱས་འོག ཁྲའོ་ཞན་ཕྱེད་གླིང་གི་གཞི་རྒྱ་ཆེ་བའི་དཔལ་འབྱོར་དང་རྨང་གཞིའི་སྒྲིག་ཆས་ཀྱི་འཆར་གཞི་དངོས་འབེབ་བྱས་ཏེ། ཕྱོགས་གཉིས་ཀྱི་གྲོགས་པོའི་འབྲེལ་བ་ཡང་མུ་མཐུད་དུ་རྒྱ་ཇེ་ཆེར་འགྲོ་བར་ཡིད་ཆེས་ཡོད། དེ་ཨུ་རུ་སི་དང་ཁྲའོ་ཞན་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་མཐུན་པར་མ་ཟད། ཨེ་ཤ་ཡཱའི་བྱང་ཤར་ས་ཁུལ་གྱི་ཞི་བདེ་དང་བརྟན་འཇགས་ལའང་ཕན་ཐོགས་ཡོད་ཟེར། ཕུའུ་ཅིན་གྱིས་མཇུག་མཐར་ཅིན་ཀྲིན་ཨིན་གྱི་ལུས་ཕུང་བདེ་ཐང་ཡོང་བ་དང་། ཁྲའོ་ཞན་མི་དམངས་ཀྱི་འཚོ་བ་བདེ་སྐྱིད་ལྡན་པའི་སྨོན་འདུན་ཞུས།

ཅིན་ཀྲིན་ཨིན་གྱིས་ཚེས་བཅུ་གསུམ་ཉིན་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་ལ་རྟེན་འབྲེལ་གློག་འཕྲིན་བཏང་སྟེ། ཅིན་ཀྲིན་ཨིན་གྱིས་བསྟན་དོན། ཁྲའོ་ཞན་དང་ཨུ་རུ་སིའི་མཛའ་མཐུན་གྱི་ལོ་རྒྱུས་དང་སྲོལ་རྒྱུན་དེ་འཇར་འགོག་དམག་འཁྲུག་སྐབས་མུ་མཐུད་དུ་རྒྱུན་འཛིན་བྱས་ཡོད་པ་དང་། རྒྱལ་ཁབ་གཉིས་ཀྱི་མཛའ་མཐུན་མཉམ་ལས་འབྲེལ་བ་དེ་ཁྱབ་ཁོངས་སོ་སོ་ནས་སྔར་ལས་ཤུགས་སྣོན་དང་འཕེལ་རྒྱས་ཐོབ་པར་ཡིད་ཆེས་ཡོད་ཟེར། དེ་ལས་གཞན་ཁོས་ཕུའུ་ཅིན་གྱིས་འབྱོར་ཕྱུག་ལྡན་པའི་ཨུ་རུ་སི་འཛུགས་སྐྲུན་བྱེད་སྐབས་གྲུབ་འབྲས་སྔར་ལས་ཆེན་པོ་ཐོབ་པའི་སྨོན་འདུན་ཞུས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག