མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་དབྱི་རག་གི་སྲིད་ཏང་སོ་སོས་རང་ཚོད་འཛིན་དགོས་པའི་འབོད་སྐུལ་བཏང་།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-08-14 11:30

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཚེས་བཅུ་གསུམ་ཉིན་གསར་འགྱུར་ལས་རིགས་ལ་གསལ་སྒྲོག་སྤེལ་ཏེ། དབྱི་རག་ཙུང་ཐུང་གིས་ཙུང་ལི་གསར་བས་སྲིད་གཞུང་རྩ་འཛུགས་བྱེད་དུ་བཅུག་པར་དགའ་བསུ་ཞུས་པ་དང་། ཞོར་དུ་དབྱི་རག་གི་སྲིད་ཏང་སོ་སོས་རང་ཚོད་འཛིན་དགོས་པའི་འབོད་སྐུལ་བཏང་།

གསལ་སྒྲོག་ལས་བཤད་རྒྱུར། དབྱི་རག་གི་ཙུང་ཐུང་མཱ་སུའུ་མུའུ་ཡིས་ཙུང་ལི་གསར་བ་བསྐོ་འཇོག་བྱེད་པའི་ཆོད་དོན་གྱིས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ལས་འཛིན་རྒྱལ་ཁབ་དག་ལ་སྐུལ་མ་ཐེབས་ཡོད། ཆོད་དོན་དེ་ནི་དབྱི་རག་གི་ལས་རིགས་སོ་སོའི་མང་ཚོགས་ཀྱི་ཚབ་བྱེད་ཅིང་བཟོད་སྒོམ་རང་བཞིན་ལྡན་པའི་སྲིད་གཞུང་རྩ་འཛུགས་བྱེད་པའི་ལས་རིམ་གལ་ཆེན་ཞིག་ཡིན་པ་དང་། རྒྱལ་ཁབ་རང་གི་མིག་སྔའི་འགྲན་རྩོད་ཐག་གཅོད་བྱེད་པར་ཕན་པའི་ཡུན་རིང་བོར་ལག་བསྟར་བྱས་ཆོག་པའི་ཐག་གཅོད་ཇུས་གཞི་ཞིག་ཡིན། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་དབྱི་རག་གི་ཙུང་ལི་ཨ་པཱ་ཏིས་ཀྱིས་མྱུར་དུ་བྱ་བ་སྤེལ་དགོས་པ་དང་། རྩ་ཁྲིམས་ཀྱིས་གཏན་འཁེལ་བྱས་པའི་དུས་ཚོད་ནང་གང་མགྱོགས་ཀྱིས་་སྲིད་གཞུང་གསར་བ་རྩ་འཛུགས་བྱེད་དགོས་པའི་སྐུལ་མ་བཏང་།

གསལ་སྒྲོག་ལས་བཤད་རྒྱུར། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་དབྱི་རག་གི་ཆབ་སྲིད་ཏང་ཁག་སོ་སོ་དང་དེའི་རྒྱབ་སྐྱོར་མཁན་གྱིས་རང་ཚོད་བཟུང་སྟེ། རྩ་ཁྲིམས་ཀྱི་གཏན་འཁེལ་འོག་གི་ཆབ་སྲིད་འཕེལ་རིམ་ལ་བརྩི་འཇོག་བྱེད་དགོས་པའི་འབོད་སྐུལ་བཏང་། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་དབྱི་རག་གི་དམངས་གཙོའི་འཕེལ་རིམ་དང་། དབྱི་རག་མི་དམངས་ཀྱིས་འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་བ། ཁྱད་པར་དུ་དབྱི་རག་དང་ལོས་ཧྥན་ཐི་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་རྩ་འཛུགས་ལ་འཐབ་རྩོད་བྱེད་པར་རྒྱབ་སྐྱོར་བྱེད་བཞིན་པ་བསྐྱར་སྒྲོག་བྱས།

དབྱི་རག་གི་ཙུང་ཐུང་མཱ་སུའུ་མུའུ་ཡིས་ཚེས་བཅུ་གཅིག་ཉིན། རྒྱལ་དམངས་གྲོས་ཁང་ཧྲི་ཡེ་ཏང་ཁག་མནའ་འབྲེལ་རྒྱལ་ཡོངས་མནའ་འབྲེལ་གྱིས་མིང་བཏོན་པའི་ཙུང་ཐུང་འདེམ་སྒུག་མི་སྣ། ད་ལྟའི་གྲོས་དཔོན་གཞོན་པ་ཨ་པཱ་ཏིས་ཙུང་ལི་གསར་བར་བསྐོ་འཇོག་བྱས་ཏེ། ནེ་ཀི་གསར་བ་རྩ་འཛུགས་བྱེད་པའི་འགན་ཁུར་དུ་བཅུག་ཀྱང་། དབྱི་རག་གི་ད་ལྟའི་ཙུང་ལི་མཱ་ལེ་ཅི་ཡིས་བསྐོ་འཇོག་དེ་ཁས་ལེན་བྱས་མེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག