མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཕཱ་ལེ་སི་ཐན་གྱིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཅཱ་ཧྲ་ས་ཁུལ་ལ་རོགས་སྐྱོར་བྱེད་དགོས་པའི་འབོད་སྐུལ་བཏང་།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-08-12 11:03

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕཱ་ལེ་སི་ཐན་གྱི་དཔོན་རིགས་ཀྱིས་ཚེས་བཅུ་གཅིག་ཉིན་ཨ་རབ་རྒྱལ་ཁབ་མནའ་འབྲེལ་ནས་བསྡུས་པའི་བྲེལ་མྱུར་གྲོས་ཚོགས་སྟེང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཅཱ་ཧྲ་ས་ཁུལ་ལ་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་བྱེད་དགོས་པའི་འབོད་སྐུལ་བཏང་།

ཕཱ་ལེ་སི་ཐན་གྱི་དབུ་བཞུགས་གྲོས་མོལ་འཐུས་མི་ཨེ་ལོས་ཁཱ་ཐི་ཡིས་ཉིན་དེར་ཚོགས་ཐོག་ནས་བཤད་རྒྱུར། ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱིས་ཨ་མེ་རི་ཁ་དང་། ཡོ་རོབ་གླིང་མནའ་འབྲེལ། ཨུ་རུ་སི། ཀྲུང་གོ་སོགས་རྒྱལ་ཁབ་དང་འབྲེལ་ཡོད་རྩ་འཛུགས་ཀྱིས་ཅཱ་ཧྲ་ས་ཁུལ་ལ་རོགས་སྐྱོར་བྱེད་དགོས་པའི་སྐུལ་མ་བཏང་བ་དང་། མཚོ་ཐོག་དང་སྐམ་ས། བར་སྣང་བཅས་ནས་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་བྱས་ཏེ། ཉིན་བདུན་དང་བཅུའི་ནང་ཅཱ་ཧྲ་མི་དམངས་ལ་མྱུར་བར་མཁོ་བའི་འབར་རྫས་དང་འབྲུ་རིགས་སོགས་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་དངོས་རྫས་ས་ཁུལ་དེར་སྐྱེལ་བར་འགན་སྲུང་བྱེད་དགོས་ཟེར།

ཨེ་ལོས་ཁཱ་ཐི་ཡིས་བསྟན་དོན། ཕཱ་ལེ་སི་ཐན་ཕྱོགས་ཀྱིས་ཕཱ་ལེ་སི་ཐན་དང་དབྱི་སི་རལ་ཕྱོགས་གཉིས་ཀྱིས་ཚེས་བཅུ་ཉིན་བཀོད་པའི་དུས་ཚོད་དོན་གཉིས་རིང་འཁྲུག་རྩོད་མཚམས་འཇོག་པའི་གྲོས་གཞི་རྒྱུན་འཁྱོངས་བྱེད་རྒྱུ་ཡིན་པ་དང་། ཨེ་ཅིབ་ཀྱིས་མུ་མཐུད་དུ་བར་འདུམ་བྱས་ཏེ་ཅཱ་ཧྲ་ས་ཁུལ་དུ་དུས་ཡུན་རིང་བོར་འཁྲུག་རྩོད་མཚམས་འཇོག་པར་སྐུལ་མ་གཏོང་དགོས་པའི་རེ་བ་བཏོན།

ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱིས་ཚེས་བཅུ་གཅིག་ཉིན་ཁེ་རོའི་སྤྱི་ཁྱབ་པུའུ་ནས་བྲེལ་མྱུར་གྲོས་ཚོགས་བསྡུས་ཏེ། ཕཱ་ལེ་སི་ཐན་དང་བཅས་པའི་ཨ་རབ་རྒྱལ་ཁབ་མང་བོའི་འཐུས་ཚབ་ཚོགས་པས་ཅཱ་ཧྲ་ས་ཁུལ་སོགས་ཀྱི་གནད་དོན་ལ་གྲོས་བསྡུར་བྱས། ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱི་དྲུང་ཡིག་ཆེན་མོ་ཨ་ལཱ་པུས་ཀྱིས་གྲོས་ཚོགས་གྲོལ་རྗེས་བསྡུས་པའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་ཨེ་ཅིབ་ཀྱིས་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་འཁྲུག་རྩོད་མཚམས་འཇོག་པའི་ཐད་བྱ་བ་མང་བོ་བསྒྲུབ་པར་བཀའ་དྲིན་ཞུས་པ་དང་། ཨེ་ཅིབ་ཀྱིས་ཕྱོགས་གཉིས་ཀྱིས་དུས་ཡུན་རིང་བོར་འཁྲུག་རྩོད་མཚམས་འཇོག་པ་མངོན་འགྱུར་བྱེད་པར་མུ་མཐུད་དུ་འབད་བརྩོན་བྱེད་དགོས་པའི་འབོད་སྐུལ་བཏང་།

ཨེ་ཅིབ་ཀྱིས་བཏོན་པའི་ཅཱ་ཧྲ་ས་ཁུལ་དུ་དུས་ཚོད་དོན་གཉིས་རིང་གནས་སྐབས་སུ་འཁྲུག་རྩོད་མཚམས་འཇོག་པའི་གྲོས་གཞི་དེ་ཚེས་བཅུ་གཅིག་ཉིན་གྱི་ཞོགས་པ་ནས་བཟུང་ནུས་ལྡན་དུ་གྱུར་བ་དང་། དབྱི་སི་རལ་གྱི་གྲོས་མོལ་འཐུས་མི་ཡང་ཉིན་དེར་ཁེ་རོ་རུ་འབྱོར་ནས་ཕཱ་ལེ་སི་ཐན་གྱི་འཐུས་མི་དང་མཉམ་དུ་དུས་ཡུན་རིང་བོར་འཁྲུག་རྩོད་མཚམས་འཇོག་པར་གྲོས་མོལ་བྱས། རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི་གནས་སྐབས་ཀྱི་འཁྲུག་རྩོད་མཚམས་འཇོག་པའི་དམིགས་ཡུལ་ནི། མི་ཆོས་རིང་ལུགས་ཀྱི་རྒུད་སྐྱོབ་དངོས་རྫས་དག་ཅཱ་ཧྲ་ས་ཁུལ་དུ་སྐྱེལ་བ་དང་། ཞོར་དུ་དུས་ཚོད་དམ་འཛིན་བྱས་ཏེ་ཅཱ་ཧྲའི་གཏོར་བརླག་ཐེབས་པའི་བཟོ་བཀོད་ལ་ཞིག་གསོ་བྱེད་པའི་ཆེད་དུ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག